རླུག་པ་དང་ཕྲོག་ཅན་སོགས་ཀྱི་སྐོར་ལ་དྲི་བ།
རྩོམ་བྲིས་པ། ཞང་ཚུལ་མི་སོགས། དྲི་བ་གཏོང་མཁན། 一切众生/皆有佛性
དྲི་བ། འདུལ་བ་ཀུན་བཏུས་ཀྱི་འགྲེལ་བ་ལས། སྡོམ་པའི་རྟེན་དུ་མི་འགྱུར་བའི་དབང་པོ་ཉམས་ཅན་དང་། བཅོས་པ་དང་། རླུག་པ་དང་། སྦུབས་ཅན་དང་། ཕྲོག་ཅན་ལ་སོགས་མི་རུང་གསུངས་པའི་སྐབས་སུ། རླུག་པ་དང་ཕྲོག་ཅན་ཞེས་པ་འདི་གཉིས་ཅི་འདྲ་ལ་གོ་དགོས་སམ།
ལན། སྐུ་ཉིད་ཀྱིས་གནང་བའི་དྲི་བ་ནི། རྗེ་རིན་པོ་ཆེའི་འདུལ་འགྲེལ་ལས་མ་ནིང༌གི་དབྱེ་བ་བསྟན་སྐབས། ཕྲོག་ཅན་དང་། རླུག་པ་ཅན་ཞེས་པ་འདི་གཉིས་སྐོར་རེད། དེ་གཉིས་ལ་འགྲེལ་ཚུལ་མི་འདྲ་བ་ཡོད་རུང་། དོན་དུ་གོང་གསལ་ “ཕྲོག་ཅན་” ཞེས་པ་འདི་ “ཕྲག་དོག་ཅན་” ཞེས་ལབ་དགོས་ཚུལ་གདན་སའི་རབ་འབྱམས་རྣམས་ཀྱི་ཞལ་གཅིག་གྲགས་ལྟ་བུར་གྱུར། རྗེ་རིན་པོ་ཆེའི་འདུལ་འགྲེལ་གྱི་ཕྱི་མོ་དྲང་སྲོང་ཡེ་རྒྱལ་གྱི་འདུལ་ཏིག་ཏུ་ཕྲག་དོག་ཅན་གསུངས་ཡོད་པ་ལས་ཕྲོག་ཅན་ཟེར་མེད། ཀུན་མཁྱེན་ཤར་རྫ་པས་ཀྱང་དེ་ལྟར་དུ་བཞེད། ཕྲག་དོག་ཅན་ཟེར་དོན་ནི་རང་དང་ཐ་དད་པའི་སྐྱེ་བོ་གཞན་གྱིས་འཁྲིགས་པ་སྤྱོད་པ་མཐོང་དུས་ནོར་བུ་ནད་མེད་ལྟ་བུར་ལང་རྒྱུ་ཡོད་ཀྱང་། རང་གིས་དངོས་སུ་བུད་མེད་ཀྱི་ལྷན་དུ་འཁྲིགས་པ་སྤྱོད་དུས་དོན་བྱེད་མི་ནུས་མཁན་ཞིག་རེད། གཞན་གྱིས་ཆགས་པ་སྤྱོད་དུས་ཁོ་ལ་དམིགས་བསལ་གྱི་བློ་སྦུག་སུ་དོགས་པོ་རེ་སྐྱེ་བས་ན་ཕྲག་དོག་ཅན་ཟེར།
རླུག་པ་ཟེར་བ་འདི་ནོར་བུ་ཕྱི་ལ་ལུག་ཆེ་དྲགས་ནས་དོན་བྱེད་མི་ནུས་མཁན་ཞིག་ལ་གོ། ཡུལ་ལུང་རེ་འགའ་ནས་འདི་ལ་རྒྱུ་ལུག་ཟེར་མཁན་ཡོད། དོན་དུ་འཁྱགས་གཤེར་སོགས་ཀྱི་དབང་གིས་ནོར་བུ་ན་ཚ་བརྒྱབ་ནས་ཕྱི་ལ་ཐོན་དྲགས་མཁན་ལ་ཞིག་ལ་གོ།
_____ཞང་ཚུལ་མི་ནས།
ལན། རྗེ་ཡི་འདུལ་བ་མདོར་བསྡུས་འགྲེལ་བར་ “ཕྲག་ཏོག་ཅན་” གསུངས་ཤིང་། ཡེ་རྒྱལ་བའི་ཀུན་བཏུས་འགྲེལ་བས་ལས། གཞན་ལ་གཞན་གྱིས་སྤྱོད་པ་མཐོང་དུས་ཕོ་དབང་ལས་སུ་རུང་ཡང་རང་གིས་དངོས་སུ་སྤྱོད་ཚེ་དེ་ལྟར་མིན་པར་འགྱུར་བ་ཞིག་ལ་གསུངས་ཤིང་། འདུལ་བ་གཞན་དུའང་ “ཕྲག་དོག་ཅན་” དང་། དོན་ནི་ཡེ་རྒྱལ་ཅན་དང་མཐུན་འདུག་པས་དེ་བཞིན་ངེས་སོ་སྙམ། འོན་ཏེ་འདུལ་བ་ལ་རང་གཞན་ལུགས་མི་འདྲ་བ་ཡོད་པ་ལྟར་ཡིན་ན་ནི་དོན་གཞན་ཞིག་གོ། །
_____ཁྱུང་གསེར་ཞུན་ནས།