གསང་སྔགས་ཐེག་པའི་སྐབས་སུ་སེམས་དཔའ་སུམ་བརྩེགས་འཇོག་ཚུལ་གང་འདྲ་ཡིན་ནམ།
རྩོམ་བྲིས་པ། སྲིད་པའི་མིག དྲི་བ་གཏོང་མཁན། རྩོམ་སྒྲིག་པ།
དྲི་བ། ཁ་ཅིག་གིས་བདག་ལ་བསྐྱེད་པའི་དམ་ཚིག་སེམས་དཔའ་དང༌། དབྱིངས་ནས་སྤྱན་དྲངས་པའི་ཡེ་ཤེས་སེམས་དཔའ་གཉིས། གཅིག་ལ་གཅིག་ཐིམ་པའི་གཉིས་མེད་ལས་ཀྱི་སེམས་དཔའ་གསུམ་ལ་སེམས་དཔའ་གསུམ་བརྩེགས་ཞེས་འདོད་པ་དང༌། ཁ་ཅིག་གིས་བདག་དམ་ཚིག་སེམས་དཔའ། དེའི་ཐུགས་དཀྱིལ་དུ་ཉི་ཟླའི་གདན་ལ་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀློང་གི་ས་བོན་ཡིག་འབྲུ་ཏིང་ངེ་འཛིན་གྱི་སེམས་དཔའ་བཅས་སེམས་དཔའ་སུམ་བརྩེགས་ལ་འདོད་ཚུལ་གཉིས་སུ་ཡོད་པར་སྣང་། དེ་ལ་སྔགས་ཕྱི་ནང་གི་ཁྱད་པར་འདྲ་ཡོད་པ་ཡིན་ནམ། ཡང་ན་ཇི་འདྲ་ཡིན།
ལན། གསང་སྔགས་ཕྱི་ནང་གཉིས་ཀ་ལ་གོང་དུ་དྲིས་པའི་སྒོམ་རིམ་སྔ་ཕྱི་གཉིས་ཀ་ཡོད་དགོས་པ་ལྟ་བུ་འདུག དཔེར་ན་སྔགས་ཕྱི་པ་བྱ་སྤྱོད་གཉིས་ཀའི་གཞུང་ནང་སེམས་དཔའ་གསུམ་ངོས་འཛིན་གནང་སྟངས་དང་པོ་དེ་ཐུན་མོང་བ་ཡིན་པར་སྣང་ལ། དམིགས་བསལ་སྤྱོད་རྒྱུད་པའི་ཁོངས་སུ་གཏོགས་པ་མ་ཏྲི་རིན་སྒྲོན་གྱི་འཛབ་སྒོམ་ལྟ་བུའི་སྐབས་དང་། ནང་རྒྱུད་ཨ་དཀར་བའི་ཁོངས་སུ་གཏོགས་པའི་གསང་བ་དགུ་འཕར་གྱི་རྒྱུད་ལས་སེམས་དཔའ་གསུམ་བརྩེགས་སྒོམ་ཚུལ་ཕྱི་མ་དེ་ཡང་གསལ་པོ་ཡོད། དེ་ལྟར་སེམས་དཔའ་གསུམ་དང་སེམས་དཔའ་གསུམ་བརྩེགས་ཞེས་ཇི་ལྟར་ཁྱད་པར་ཕྱེས་ཀྱང་སྔགས་ཕྱི་ནང་གཉིས་ཀས་འདོད་ཐུབ་པ་ལྟ་བུ་འདུག་སྙམ། དེས་ན་སྔགས་ཕྱི་ནང་གཉིས་ཀས་ལྷ་སྒོམ་ཚུལ་གྱི་ཁྱད་པར་ལ་སེམས་དཔའ་གསུམ་དང་སེམས་དཔའ་གསུམ་བརྩེགས་སྒོམ་པ་ཡོད་མེད་ཙམ་གྱིས་ཁྱད་པར་མི་དབྱེ་བར་གཙོ་བོ་ཡེ་ཤེས་སེམས་དཔའ་དང་དམ་ཚིག་སེམས་དཔའ་གཉིས་རྗེ་འབངས་དང་གྲོགས་པོའི་ཚུལ་དུ་ལྟ་ཚུལ་གཅིག་དང་། དེ་གཉིས་བདག་ཉིད་ལས་མི་གཞན་པ་ཡིན་པར་ལྟ་ཚུལ་དེ་གཉིས་ཀྱི་སྒོ་ནས་ཁྱད་པར་ཕྱེད་དགོས་པར་སྣང་།།