བོན་ལུགས་ཀྱི་འདུལ་བའི་སྟོད་འགག་གི་བྱུང་རབས་དང་ཚད་སོགས་ཇི་ལྟར་ཡིན་ནམ།
རྩོམ་བྲིས་པ། རྩོམ་སྒྲིག་པ་སོགས། དྲི་བ་གཏོང་མཁན། གངས་སྲས།
དྲི་བ། བོན་ལུགས་ཀྱི་འདུལ་བའི་སྟོད་འགག་གི་ལོ་རྒྱུས་དང་དེའི་ཚད་སོགས་ཇི་ལྟར་ཡིན་ནམ།
ལན། སྤྱིར་བཏང་བོན་ལུགས་སུ་སྟོད་འགག་ནི་ʼʼསྟོད་གོས་སུལ་བུ་རྩ་ལྔ་ʼʼཞེས་པ་འདི་ཡིན་ས་འདུག སྟོད་འགག་གམ་སྟོད་གོས་ཅེས་པ་འདིའི་དབྱིབས་སོགས་ནི་ད་ལྟའི་མཇལ་ཡུལ་དུ་གྱུར་པ་འདི་ཡིན་མིན་གང་ལྟར། སྟོན་པ་ཞལ་བཞུགས་ནས་རབ་ཏུ་བྱུང་དུས་ནས་ཡོད་པར་གསལ་ལ། ད་དུང་འདུལ་བའི་ཆས་གོས་རྣམས་ཐེག་པ་རིམ་པ་དགུ་དང་སྦྱར་ཚུལ་ཡང་འདུག་སྟེ། དཔེར་ན། གཟི་བརྗིད་དྲང་སྲོང་ཐེག་པའི་མདོ་ལས། ʼʼཐེག་པ་རིམ་དགུའི་ཚོགས་དང་སྦྱར། པད་གདན་པད་ལྷམ་སྨད་ཤམས་གསུམ། ཆག་ནན་རིམ་བཞིན་རྒྱུ་ཡི་བོན། སྟོད་གོས་སྨད་གོས་ཚུལ་གོས་གསུམ། སྨད་འོག་གླིང་རྣམས་འབྲས་བུ་བོན། པད་ཞུས་བླ་མེད་ཐེག་པའི་ཚུལ། ʼʼཞེས་གསུངས་པ་སོགས་སོ།།
བྱུང་རབས་ཀྱི་ཐད་ནས་ཀྱང་གོང་ཞུས་ལྟར་སྟོན་པ་ཞལ་བཞུགས་དུས་ནས་ཡོད་པ་གང་ཞིག་ལ། སྟོན་རང་གིས་སྟོད་འགག་སྐོར་གསུངས་པ་དཔེར་ན། སྟོན་པའི་བཀའ་དྲི་མ་མེད་པ་འདུལ་བ་དབྱིངས་དག་གི་རྒྱུད་ལས། ” སྟོད་གོས་སུལ་བུ་རྩ་ལྔ་ཤ་འགགས་ཀྱིས། དོར་བ་འཕྱར་བྱེད་གཡེམ་པ་བསྲུངས། ཞེས་སོགས་གསུངས་པ་དང་།
བོན་རང་ལུགས་ལ་འདུལ་བ་པའི་ན་བཟའ་སྟོད་འགག་གམ་སྟོད་གོས་ཀྱི་ཚུལ་ཇི་ལྟར་དགོས་མིན་རྗེ་རིན་པོ་ཆེས་མཛད་པའི་(འདུལ་བའི་བསླབ་བྱ་གསལ་བར་བྱེད་པའི་འགྲེལ་བ།) ལས། “རབ་ཏུ་བྱུང་བའི་སྟོད་གོས་ཀྱི་རིང་ཐུང་གི་ཚད་ནི་མཐོ་དྲུག་ལ། དབྱིབས་ཀྱི་ཁྱད་པར་ནི། སུལ་བུ་སུམ་བཅུ་རྩ་ལྔ་དང་ལྡན་པའོ།། རྔུལ་གཟན་ཤིང་རས་དཔུང་ཆད་དོ།། དེ་ཉིད་རིང་བ་ལ་འགག་རིང་དང༌། ཐུང་བ་ལ་འགག་ཐུང་ཞེས་པ་ནི་ཡོངས་སུ་གྲགས་སོ།། སྟོད་ལུགས་ནས་དཔུང་ཆད་དང༌། གསང་ལུང་ནས་འཕྲག་དབྱུང་ནི་དོན་དང་མཐུན་ནོ།། ཡོངས་རྫོགས་ནས། སྟོད་གོས་སུལ་བུ་རྩ་ལྔ་དང༌།། བལ་སྣམ་དབྱར་སྲབ་དགུན་ན་འཐུག། དཔུང་བཟེད་དཔུང་བ་ཁ་དང་མཉམ།། མཆན་ཁུང་དྲོད་སྤུ་མཐོང་བ་ཙམ།། མདུན་དུ་གཡས་གཡོན་སོར་གསུམ་བསྣོལ།། སུལ་བུ་རྩ་ལྔ་ཕྱོགས་མ་འཕུངས།། མདུན་རྒྱབ་སྟ་ཟུར་ཤིན་ཏུ་སྙོམས།། གཉའ་མཁར༼ཁར༽ཕྱེད་ཁེབས་ཨོལ་གོང་མཐོང༌།། ཞེས་སོགས་ཞིབ་ཏུ་གསུངས་སོ།། དྲང་སྲོང་མའི་གོས་ལ། རྔུལ་གཟན་གྲུ་མོ་ཁེབ་ཙམ་སྟོད་ལུགས་ནས་གསུངས་སོ།།” ཞེས་སོགས་གསལ་པོར་གསུངས་འདུག་གོ།།
_____ རྩོམ་སྒྲིག་པ།
ལན། ད་ལྟ་བོན་ལུགས་སུ་སྟོད་འགག་ཅེས་པ་འདི་ནི། བཀའ་འདུལ་བ་རྒྱུད་དྲུག་ལས། སྟོད་གོས་ཞེས་གསལ་བ་དེ་རེད། ཡིན་ཡང་བཟོ་སྟངས་ལ་འགྱུར་བ་གང་མང་ཞིག་ཕྱིན་ཡོད་ཚོད་འདུག དཔེར་ན་ད་ལྟའི་སྟོད་འགག་ལ་སུལ་བུ་མཆན་ཁུང་ལ་ཡོད་པ་ཞིག་བཟོས་སྲོལ་འདུག་མོད། འོན་ཀྱང་བཀའ་འདུལ་བ་དྲུག་ནང་ཚན་ཡོངས་རྫོགས་རྣམ་དག་སྡོམ་བྱེད་རྒྱུད་ལས། སུལ་བུ་རྩ་ལྔ་ཕྱོགས་མ་སྤུངས། །མདུན་རྒྱབ་སྟ་ཟུར་ཤིན་ཏུ་སྙོམས། །ཞེས་པས་སྟོད་འགག་གི་སུལ་བུ་རྐེད་པ་ལ་དགོས་པར་བསྟན་འདུག
_____ སྒང་སྐྱེས།