གནམ་གྱི་ཁྲི་བདུན་ནམ་གཡུང་དྲུང་བོན་གྱི་བསྟན་པ་སྔ་དར་སྐབས་སུ་རྒྱལ་པོའི་སྐུ་གཤེན་དེ་ཚོར་ཆེ་བ་ཇི་ལྟར་ཡོད་པ་ཡིན་ནམ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཤེས་རབ།
ལན། དེ་སྐབ་རྒྱལ་པོའི་སྐུ་འཚོ་བའི་གཤེན་པོ་རྣམས་ལ་གཙེགས་ཆེན་གསུམ་བྱིན་ཡོད་པ་ནི། རྒྱལ་གྱི་གོང་ན་གཤེན་གཉན་པས། སྐུ་ལ་གཙེགས་བྱིན་པ་ནི། དབུ་སྐྲ་སིལ་མ་རྩེ་རྒྱལ་ལ། བཅད་ཅིང་གཏུབ་ཏུ་མེད་པར་དང་། དར་དཀར་པོའི་འགྱིང་ཐོད་ལ། བྱ་རྒྱལ་རྒོད་ཀྱི་ལྡེམ་འཕྲུ་བཙུགས་པ། གསེར་གྱི་བྱ་རུ་དང་། གཡུ་ཡི་ལྡེམ་མདོང་དང་། ན་བཟའ་དབྱི་དཀར་དང་། སྤྱང་དཀར་གྱི་སློག་པ་ལ། སྟག་གཟིག་གུང་གསུམ་གྱི་གོང་ལག སེང་གེ་དཀར་མོའི་གཞུང་ཁེབས་བཏང་བ། ཟ་འོག་གི་འབོལ་ལྷམ། དངུལ་དཀར་གྱི་ཆབ་སྒྲོགས་བཏགས་པ། གསེར་གྱི་བུམ་པ་ཅན། ཤེལ་གྱི་བཞེས་དཀར། ཁྲི་ཁ་ནས་ཆིབས་ལ་འཛེགས་པ། ཆིབས་ཐོག་ནས་ཁྲི་ཁ་ལ་བབས།
གསུང་ལ་གཙེགས་ཆེ་བ། གཤེན་ངག་ཚིག་གསུམ་མ་བྱོན་བར་དུ་རྒྱལ་པོས་མི་གསུང་མི་བྱོན། བློན་པོས་མི་ཞུ། གཤེན་གླུ་ཐེངས་གསུམ་མ་བླངས་བར་རྒྱལ་བློན་བྲོ་གླུ་མི་རོལ་དང་།
ཐུགས་ལ་གཙེགས་བྱིན་པ་ནི། ཁྲལ་རྒྱལ་པོ་དང་མཉམ། གཤེན་ལ་བེར་ཀ་རྡེག་ན་བྲེག་མཁན་ལ་སྤྲོད། བཀོར་ནོར་བརྐུས་ན་དགུ་བཅུའི་འཇལ། གྲལ་གཡས་ཀྱི་གོང་ན་གཤེན་བཞུགས། གཡོན་གྱི་གོང་ན་བློན་བཞུགས། དབུས་ལ་རྒྱལ་པོ་བཞུགས། དམངས་རྣམས་འོག་ནས་བཀའ་ཉན་ལ་སོགས་ཡིན།།