ཏུན་ཧོང་ཡིག་ཆའི་ནང་སྲོང་བཙན་ཡར་སྔོན་དུ་བོད་ལ་ཡི་གེ་ཡོད་པར་གསལ་བའི་སྐོར།
རྩོམ་བྲིས་པ། ཆབ་མདོ་བློ་བཟང་ཤེས་རབ། (ཨ་མེ་རི་ཁ།)
ཏུན་ཧོང་ཡིག་ཆའི་ནང་སྲོང་བཙན་ཡར་སྔོན་དུ་བོད་ལ་ཡི་གེ་ཡོད་པར་གསལ་བའི་སྐོར།
(མ་རྩོམ་ཡོང་ཁུངས། ལྷ་ཐོག་དགེ་བཤེས)
སྤྱིར་གཞུང་ལུགས་དེབ་ཐེར་ག་འདྲ་ཞིག་ཡིན་རུང༌། ཡང་ཡང་ལྟ་ཀློག་བྱ་དགོས་པ་ནི་གལ་ཆེན་རེད། ཚར་གཅིག་བཀླགས་ན་རྩ་ཚིག་གི་ལུང་ཉན་པ་དང་འདྲ་ཞིང༌། གཉིས་བཀླགས་ན་རྩ་བ་དེ་ལ་ཁྲིད་ཞུས་པ་དང་འདྲ། གསུམ་བཀླགས་ན་རྩ་འགྲེལ་སྦྱར་ཏེ་འཆད་པ་དང་འདྲ་བའི་གོ་བ་འོང་ཟེར་བ་ནི་དོན་ངོ་མའི་བདེན་པ་ཞིག་ཏུ་མངོན། དེ་ནི་ཡི་གེ་ཞུ་དག་བྱེད་སྐབས་ཐེངས་གཅིག་ལྟ་དུས་མ་མཐོང་ཡང་གཉིས་པ་ལྟ་དུས་མཐོང་ཡོང་བ་དང་འདྲའོ། །
ང་ཚོས་ཏུན་ཧོང་ཡིག་རྙིང་འདི་ལའང་ཡང་ནས་ཡང་དུ་ཞིབ་ཚགས་ཀྱིས་བལྟས་པ་ཡིན་ན། སྔར་ལོ་རྒྱུས་ཐོག་རྩོད་གཞི་ཅན་གྱི་གནད་དོན་མང་པོ་ཞིག་ཐག་གཅོད་བྱེད་ཐུབ་པའི་དཔང་རྟགས་ཀྱང་རྙེད་ཀྱིན་ཡོད། དེ་འདྲ་མང་པོ་ཡོད་པ་ལས་དོན་གནད་གཅིག་གཤམ་དུ་དཔེ་མཚོན་ལ་དྲངས་ན། ཏུན་ཧོང་ཡིག་རྙིང་གི་ཤོག་དྲིལ་《Pelliot Tibétain 1287》རྟགས་ཅན་གྱི་ཡིག་འཕྲེང་(༧༤)ལས། “ དེ་འི་འོག་དུ་མོང༌། ཁྲི་དོ་རེ་སྣང་ཚབ་ཀྱིས་བྱསྟེ། འཛངས་ཀྱི་ཚད་ནྀ༌། རྩང་བོད་ཀྱི་ཇོ་བོ་མར་མུན་བརླགས་ཏེ། དཀུའ་ཆེད་པོ་བློད་པ་འྀ་ཚེ།༡ །དེང་ཕོ་ཉ་ཞྀག་རིངས་པར་འོང་བསྙམ་གིས། །ཕོ་ཉ་འི་ལན་མྱུར་དུ། བགྱི་འཚལ་ཞེས་མཆི་ནས། པོ་ཉ་འྀ་ལན་ཇི་ལ་མ་རག་པར་བྱས་པ་ལས། འུང་གི་རྗེས་ལའ། །ཕོ་ཉ་མཆིས་ནས། །སོད་༢བྱ་མྱི་དགོས་པར། །སྔར་སུག་ལས་བགྱིས་ལགསྟེ། འུང་ཙམ་མོ༌། ”༣ །ཞེས་བྱུང་པས། དྲངས་མ་ཐག་པའི་ཏུན་ཧོང་ཡིག་རྙིང་གི་ལུང་དེས་གཙོ་བོ་བློན་པོ་ཁྲི་དོ་རེ་སྣང་ཚབ་ཀྱི་མཛངས་ཚད་བཤད་པ་ཡིན་མོད། འོན་ཀྱང་དེ་ལས་དོན་གནད་ཅིག་ཞར་ལ་ཤེས་ཐུབ་པ་ནི། སྲོང་བཙན་གྱི་ཡར་སྔོན་དུ་ཡི་གེ་ཡོད་དང་མེད་ཀྱི་རྩོད་པ་ཆེན་པོ་དེ་ཐག་གཅོད་བྱེད་ཐུབ་པ་དེའོ། །དེའི་ཚུལ་ལ་ངེས་པ་རྙེད་པར་བྱེད་པ་ལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཅུང་ཟད་མི་བཤད་རང་བཤད་རེད།
དང་པོ་གཙང་དང་བོད་ཅེས་རྒྱལ་ཁབ་གཉིས་སོ་སོར་ཡོད་པ་ལ། ཡབ་གནམ་རི་སྲོང་བཙན་གྱི་སྐུ་དུས་དེར་གཙང་གི་བློན་པོ་ཁྱུང་པོ་ཟུ་ཙེ་ཡིས་གཙང་གི་རྒྱལ་པོ་མར་མུན་བསད་ནས་ནང་ཁུལ་ཟིང་ཆ་ཆེན་པོར་ལངས་པས་ན། གནམ་རི་སྲོང་བཙན་གྱི་བློན་པོ་མོང་ཁྲི་དོ་རེ་སྣང་ཚབ་ཀྱིས། ད་ནི་མགྱོགས་མྱུར་ཟུ་ཙེས་བཙན་པོའི་དྲུང་དུ་བང་ཆེན་མངགས་པར་ངེས་ཤིང༌། དོན་ཡང་འདི་འདྲ་ཞིག་ཡིན་ངེས་པས་ལན་འབྲི་དགོས་སྨྲས་ནས་བྲིས། ཕྱིས་ནས་ཁོས་ཟེར་བ་ལྟར་བང་ཆེན་ཡང་སླེབས་པ་དང༌། འཕྲིན་ཡིག་གི་ནང་དོན་ཡང་ཁྲི་དོ་རེས་བཤད་པ་ལྟར་འདུག་ཅིང༌། ལན་ཡང་སྔར་བྲིས་ཟིན་པ་དེས་འཐུས་པ་བྱུང་པས་ཀུན་ཀྱང་ཧ་ལས་ཏེ། ཁྲི་དོ་རེ་ལ་མཛངས་བློན་གྱི་གོ་གནས་ཀྱང་ཐོབ་པའོ། །ཕོ་ཉ་མ་ཡོང་སྔོན་ནས་འཕྲིན་གྱི་ལན་སུག་ལས་བྱས་པར་བཤད་པ་ནི། བློན་པོ་རང་ཉིད་མཛངས་པའི་རྟགས་སྟོན་པ་ཞིག་ཡིན་ཞིང༌། དོན་ངོ་མ་ནི་སྐབས་དེར་ཟུ་ཙེས་གཙང་རྒྱལ་མར་མུན་བསད་ནས་བོད་ལ་ངོ་གཏད་པ་ཡིན་ལ། འཕྲིན་ཡིག་གི་ནང་དོན་ཡང་གནད་དོན་དེར་གཏོགས་པ་ཞིག་ཡིན་པར་ངེས་སོ། །སྐབས་དེར་གཙང་ཁུལ་ལ་མཚོན་ན། ཟུ་ཙེས་གཙང་གི་རྒྱལ་པོ་མར་མུན་བསད་ཐུབ་ཡོད་ཀྱང༌། རྒྱལ་པོ་དང་ཟུ་ཙེའི་ཕྱོགས་གཏོགས་དབར་གྱི་འཁྲུག་ཟིང་ནི་འཇགས་མེད་ཅིང༌། བཙན་པོས་ཟུ་ཙེ་ལ་རོགས་རམ་གྱིས་བོད་ལ་ངོ་ལྟ་མ་བཅུག་ན། གཙང་ཁུལ་དེ་བཞིན་ཞང་ཞུང་ལ་སོགས་པའི་རྒྱལ་ཕྲན་གཞན་གྱི་དབང་འོག་ཏུ་ཤོར་བའམ་གང་ལྟར་གནད་དོན་དེའི་ངོ་བོ་གཞན་དུ་འགྱུར་ཉེན་ཡོད་པར་བརྟེན། ཕོ་ཉ་མ་འོང་སྔོན་ནས་ལན་གྱིས་གྲ་སྒྲིག་བྱེད་པ་སོགས་ཀྱི་བྲེལ་འཚུབ་དེ་བྱུང་བ་མིན་ནམ་སྙམ་སྟེ། གཙང་གི་རྗེ་བློན་དབར་གྱི་འཁྲུག་ཟིང་ནང་བོད་ཀྱི་བཙན་པོས་ཐེ་ཇུས་བྱས་ཡོད་པའང་ཏུན་ཧོང་ཡིག་རྙིང་གི་ཤོག་དྲིལ་《Pelliot Tibétain 1287》རྟགས་ཅན་གྱི་ཡིག་འཕྲེང་(༢༤༠)ཡི་སྟེང་ཞང་སྣང་གིས་ཟུ་ཙེར་ཤགས་ལན་བཏབ་པའི་ནང་འདི་ལྟར་གསལ་ཏེ། “ ན་ནྀང་ནི་གཞེ་ནིང་སྔ། །ཕོ་མ་འྀ་ནི་འབྲོང་བཀུཾ་བ། །ལྷོ་ཤིང་ནི་སྨྱུག་མོ་རྒྱལ། །ལྕགས་ཀྱྀས་ནྀ་མ་དྲལ་ན། །སྨྱུག་གྀས་ནི་རེ་མྱི་པུགས། །རྒོད་ཀྱིས་ནི་མ་བསྒྲོན་ན། །འབྲོང་ལ་ནྀ་རེ་མྱི་འི་འཇེན། ”༤ །ཞེས་མདའ་མོས་འབྲོང་གསོད་ཐུབ་པ་ནི་ལྕགས་ཀྱི་མདེལ་རྩེ་དང་རྒོད་ཀྱི་སྒྲོ་བསྒྲོན་པ་ལས་བྱུང་པ་བཞིན། ཟུ་ཙེས་རྒྱལ་པོ་བསད་ཐུབ་པ་ནི་བོད་ཀྱི་བཙན་པོས་རོགས་སྐྱོར་མཛད་པ་ལས་བྱུང་པར་བཤད་པས་སོ། །
དེས་ན་གལ་ཏེ་སྐབས་དེར་ཡི་གེ་མེད་པར་ངག་འཕྲིན་ཙམ་ཞིག་ཡིན་ན། “ ལན་མྱུར་དུ་བགྱི་འཚལ། ” ཞེས་པ་དང༌། “ འུང་གྀ་རྗེས་ལའ། །ཕོ་ཉ་མཆིས་ནས། །སོད་བྱ་མྱི་དགོས་པར༌། །སྔར་སུག་ལས་བགྱིས་ལགསྟེ། ” ཞེས་པ་རྣམས་འདྲ་འབྲེལ་གང་ཡང་མེད་པར་འགྱུར་ཞིང༌། གལ་ཏེ་ཕོ་ཉ་མ་འོང་སྔོན་ནས་ལན་གང་ཞིག་རྒྱག་དགོས་མིན་བསམ་བློའི་ཐོག་གྲ་སྒྲིག་བྱས་ཟིན་པས་གཟོད་བྱ་མི་དགོས་པ་ཡིན་ནོ་སྙམ་ནས། གཟོད་བྱ་མི་དགོས་པའི་རྒྱུ་མཚན་ནི་ “ སྔར་སུ༷ག་ལ༷ས་བགྱིས་ ” པས་ཡིན་པར་བཤད་ན། བསམ་བློའི་གྲ་སྒྲིག་དང་ངག་འཕྲིན་ལ་ “ སུག་ལས་ ” ཞེས་རྗོད་མཁན་སུ་ཞིག་ཡོད་སྟེ། སེམས་རྣལ་དུ་ཕབ་ནས་བསམ་དགོས་སོ། །