ཏུན་ཧོང་ཡིག་ཆའི་ནང་སྲོང་བཙན་ཡར་སྔོན་དུ་བོད་ལ་ཡི་གེ་ཡོད་པར་གསལ་བའི་སྐོར།
” སུག་ལས་ ” ཞེས་པ་ནི་ཐག་མདུད་རྒྱག་པ་དང་རི་མོ་འབྲི་བ་སོགས་ལའང་གོ་ཆོག་པས་སོ་ཞེས་རིགས་འགྲེ་བ་ནི་ཐ་སྙད་ཀྱི་ངོ་བོ་དང་དགོས་པ་བྱུང་རིམ་སོགས་མ་ཤེས་པས་ནོངས་ཏེ། ཐ་སྙད་བྱེད་པ་ནི་ཤེས་འདོད་ཅན་ལ་དོན་དེ་གོ་བར་བྱེད་པ་ཁོ་ནའི་ཆེད་ཡིན་ལ། དེའི་ཕྱིར་ཐོག་མའི་བརྡ་སྦྱོར་མཁན་པོས་བཏགས་པའི་མིང་དེ་ཡོངས་ཁྱབ་དང་གཏིང་ཚུགས་སུ་ཟིན་པ་ན། མཁས་པའི་རྣམ་དཔྱོད་དང་རྟོག་གེའི་རིགས་པས་བསྒྲུབས་ཏེ་རིགས་འདེད་བྱེད་རྒྱུ་མེད་པ་ནི་ཐ་སྙད་རིག་པའི་རྩ་དོན་གལ་ཆེན་ཞིག་རེད། དེས་ན་ “ ལག་ལྡན་ ” ཞེས་པ་གླང་པོ་ཆེ་དང༌། “ ས་ཉལ་ ” ཞེས་པ་མ་ཧེ་ལ་གོ་བ་ལས། ལག་པ་དང་ཡང་ལྡན་པ་དང་སྐབས་རེར་ས་ལ་ཡང་ཉལ་བས་སོ་ཞེས་རང་ཉིད་ “ ལག་ལྡན་ ” དང་ “ ས་ཉལ་ ” དུ་བསྒྲུབ་རྒྱུ་མེད། དགྲ་གཅན་ལས་གཞན་པའི་དགྲ་གཅན་གྱི་མགོ་མེད་ཅིང༌། དགྲ་གཅན་གྱི་མགོ་ལས་གཞན་པའི་དགྲ་གཅན་ཡང་མེད་མོད། འོན་ཀྱང༌། དགྲ་གཅན་གྱི་མགོ་དང་ཆི་གུའི་ལུས་ཞེས་བརྗོད་པ་ལ་དྲུག་སྒྲ་མི་ཐོབ་ཅེས་འཇིག་རྟེན་དང་རྩོད་མི་རུང་བར་དབུ་མ་མཁས་རྣམས་བཞེད་པ་ལྟར་ཏེ། སྒྲ་དང་ཐ་སྙད་ཀྱི་དོན་ནི་འཇིག་རྟེན་ན་ཇི་ལྟར་གྲགས་པ་ལ་ལྟོས་དགོས་པར་སྒྲ་གཞུང་རྣམས་སུའང་ཡང་ཡང་བྱུང་པའི་ཕྱིར་རོ། །
ཐག་མདུད་དང་འདྲ་གཟུགས་རི་མོ་བྲིས་ནས་ནང་དོན་མཚོན་ཐབས་བྱེད་པ་ནི་ཆེས་ཡ་ཐོག་གི་གནས་ཚུལ་ཞིག་སྟེ། མི་རྣམས་ལ་ཤེས་བྱའི་དགོས་མཁོ་ཆེས་ཉུང་ཉུང་ཡིན་པའི་སྐབས་ཡིན་ལ། འདི་ནི་བོད་ཀྱི་མངའ་ཐང་དར་བའི་དུས་ཏེ། སྐབས་དེར་བོད་པས་རྒྱ་དཀར་ནག་གི་ཡིག་རིགས་ཀྱང་འབྲི་ཀློག་ཐུབ་ཀྱིན་ཡོད་པར་ལོ་རྒྱུས་དུ་མར་གསལ་བར་མ་ཟད། དེ་དག་དང་འཐབ་ཏུའང་དཔའ་བའི་རྒྱལ་ཁབ་ཅིག་གིས་ད་དུང་ཡང་ཐག་མདུད་བརྒྱབ་ནས་བསྡད་ཡོད་པར་བཤད་ན་ཡིད་ཆེས་ཀྱང་བྱེད་དཀའ་ཞིང༌། ལྷག་པར་སྐབས་དེའི་གནད་དོན་ནི་དམག་དོན་དང་ནང་འཁྲུག་གི་རྙོག་གྲ་ཚ་བའི་གནས་ཚུལ་ཁག་ཡིན་པས་ཐག་མདུད་བརྒྱབ་ནས་གསལ་བཤད་ཇི་ལྟར་བྱེད་ཐུབ་བམ་སྙམ།
མདོ་དོན་ནི། མོང་ཁྲི་དོ་རེ་སྣང་ཚབ་ཀྱིས་ཕོ་ཉ་མ་སླེབས་སྔོན་ནས་ལན་ཇི་ལ་མ་རག་པར་སུག་ལས་བགྱིས་པར་བཤད་པ་ལས་དེ་དུས་ཡི་གེ་ཡོད་པར་ཤེས་ཤིང༌། འཕྲིན་གྱི་ལན་སྤྲོད་ཡུལ་ཡང་གཙང་གི་བློན་པོ་ཟུ་ཙེ་རུ་ངེས་པས། ཡི་གེ་དེ་ཡང་རྒྱལ་ཁབ་གཞན་དང་མི་རིགས་གཞན་པའི་ཡི་གེའི་ཐོག་བྲིས་པ་མ་ཡིན་པའང་ཤེས་ཐུབ། དུས་ཚོད་ཀྱི་ཆ་ནས་ཀྱང་མོང་ཁྲི་དོ་རེ་སྣང་ཚབ་ནི། 《མཁས་པའི་དགའ་སྟོན་》ལས། “ ཁྲི་དོར་སྣང་བཙུན་མོང་གི་བུ། ”༥ ཞེས་མཛངས་མི་བདུན་གྱི་གསུམ་པར་དྲངས་པ་འདི་ཡིན་ལ། འདི་སྟག་རི་གཉན་གཟིགས་ཀྱི་བློན་པོ་ཡང་བྱས་རབས་འདུག་པས། གཙང་གི་རྒྱལ་པོ་མར་མུན་བསད་པ་དང་ཕོ་ཉ་མ་སླེབས་སྔོན་ནས་ “ སུག་ལས་ ” ཏེ་ལན་ཡི་གེ་ལ་བྲིས་པ་དེ་ནི་གནམ་རི་སྲོང་བཙན་གྱི་སྐུ་ཚེའི་སྟོད་ཀྱི་ལོ་རྒྱུས་སུ་ཤེས་ཐུབ་བོ། །
གཞན་ཡང་བློན་ཆེན་མོང་འདི་ཉིད་ཧ་ལམ་སྲོང་བཙན་མ་འཁྲུངས་གོང་ཙམ་ནས་གྲོངས་པ་ཡིན་ཏེ། ཟུ་ཙེ་མགོ་བཏགས་པའི་རྗེས་ཡབ་གནམ་རིའི་མདུན་དུ་མོང་གློ་བ་རིང་བར་སྐྱོན་བརྗོད་ནས་བཀུམ་པ་དང༌། དེ་རྗེས་མགར་ཁྲི་སྒྲ་འཛིན་མུ་དང༌། དེ་རྗེས་མྱང་མང་པོ་རྗེ་ཞང་སྣང་གིས་བློན་ཆེན་བྱས་ཤིང༌། ཞང་སྣང་བློན་ཆེན་པོར་བཅུག་པའི་ལོ་ཤས་རྗེས་གནམ་རི་སྲོང་བཙན་འདས་པར་འདྲ་ཞིང༌། གནམ་རི་འདའ་སྐབས་ཀྱང་སྲོང་བཙན་དགུང་ལོ་ཆུང་ཆུང་ཡིན་པར་བཤད་སྟབས། སྲོང་བཙན་གྱིས་རྒྱལ་སྲིད་བཟུང་ཞིང་ཐོན་མིས་ཡི་གེ་བཟོས་པར་བཤད་པ་དང་བསྡུར་ན་བློན་ཆེན་མོང་གིས་ “ སུག་ལས་ ” བགྱིས་པ་དེ་ནི་ཆེས་སྔ་བའི་ལོ་རྒྱུས་སུ་ཤེས་སོ། །
འོ་ན་ཏུན་ཧོང་ཡིག་རྙིང་གི་ཤོག་དྲིལ་《Pelliot Tibétain 1287》རྟགས་ཅན་གྱི་ཡིག་འཕྲེང་(༤༥༡)ལས། “ བོད་ལ་སྔ་ན་ཡི་གེ་མྱེད་པ་ཡང། །བཙན་པོ་འདི་འྀ་ཚེ་བྱུང་ནས། །བོད་ཀྱི་གཙུག་ལག་བཀའ་གྲིམས་ཆེད་པོ་དང། བློན་པོ་འི་རིམ་པ་དང༌། ཆེ་ཆུང་གཉིས་ཀྱྀ་དབང་ཐང་དང༌། ལེགས་པ་ཟིན་པ་འྀ་བྱ་དགའ་དང༌། ཉེ་ཡོ་བ་འི་ཆད་པ་དང༌། ཞིང་འབྲོག་གི་ཐུལ་ཀ་དང་དོར་ཀ་དང༌། སླུངས་ཀྱི་གོ་བར་བསྙམས་པ་དང༌། བྲེ་པུལ་དང༌། སྲང་ལ་སྩོགས་པ། བོད་ཀྱི་ཆོས་ཀྱི་གཞུང་བཟང་པོ་ཀུན། །བཙན་པོ་ཁྲི་སྲོང་བརྩན་གྱི་རིང་ལས་བྱུང་ངོ༌། མྱི་ཡོངས་ཀྱིས་བཀའ་དྲིན་དྲན་ཞིང་ཚོར་བས། སྲོང་བརྩན་སྒམ་པོ་ཞེས་མཚན་གསོལ་ཏོ། ” ༦ །ཞེས་སྲོང་བཙན་སྔོན་ལ་ཡི་གེ་མེད་པར་ཤིན་ཏུ་གསལ་བས་སོ་སྙམ་ན་མི་སྐྱོན་ཏེ། དེའི་དོན་འདི་ནས་ཞིབ་ཙམ་བཤད་པར་བྱའོ། །
དེ་ཡང་གོང་དུ་བཤད་པ་ལྟར་གནམ་རིའི་སྐབས་དེར་གཙང་དང་བོད་གཉིས་ཀྱི་གནད་དོན་ནི། ཆེ་ས་ནས་རྒྱལ་ཁབ་ཕན་ཚུན་དབར་དང༌། ཆུང་ས་ནས་རྒྱལ་བློན་ནང་འཁྲུག་གི་རྙོག་གྲ་ཚ་བའི་གནས་ཚུལ་ཁག་ཡིན་སྟབས། ཐག་མདུད་བརྒྱབ་ནས་གསལ་བཤད་བྱ་ཐབས་མེད་པས། བློན་ཆེན་མོང་གིས་ཟུ་ཙེ་ལ་ལན་དུ་ “ སུག་ལས་བགྱིས་པ་ ” ཞེས་པ་དེ་ནི་ཡི་གེ་འབྲི་བ་ལས་འོས་མེད་པའི་ཚུལ་འདི་ལེགས་པར་སོམས་ལ། གཞན་ཡང་ཏུན་ཧོང་ཡིག་རྙིང་གི་ཤོག་དྲིལ་《 Pelliot Tibétain 1287》རྟགས་ཅན་གྱི་ཡིག་འཕྲེང་༢༤༥ལས། “ མྱང་ཞང་སྣང་བློན་པོར་བཅུག་ནས། བློན་པོ་འི་མཚན་མར་ཡང་རྔུལ་(དངུལ་)གྱི་སུག་བུ་ཆུང་སྩལ་ཏོ། ”༧ །ཞེས་པ་འདིས་ཀྱང་དོན་དེ་ཉིད་ཇེ་གསལ་དུ་བཏང་ཡོད་སྟེ། “ དངུལ་གྱི་སུག་བུ་ཆུང་ ” ནི། དངུལ་གྱི་ཡི་གེ་རང་སྟེ། སྐབས་འདིའི་མཆན་འགྲེལ་དུའང་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ལས། “ རྔུལ་གྱི་སུག་བུ་ཆུང༌། དངུལ་གྱི་སུག་བུ་ཆུང༌། དངུལ་ཡིག་ཆུང་ངུ༌། ”༨ ཞེས་བྲིས་ཡོད་པས་སོ། །དེ་དངུལ་ཡིག་ཡིན་པའི་ཕྱིར་ན་སྐབས་དེར་ཡི་གེ་ཡོད་པ་དོན་གྱིས་གྲུབ་པ་དང༌། ཞང་སྣང་བློན་ཆེན་པོར་བཅུག་ནས་དངུལ་གྱི་སུག་བུ་ཆུང་བསྩལ་བའི་དུས་ཚོད་ཀྱང་ཡབ་གནམ་རིའི་སྐུ་རིང་ལ་ཡིན་པས། འདི་ཡང་སྲོང་བཙན་གྱིས་རྒྱལ་སྲིད་བཟུང་ཞིང་ཐོན་མིས་ཡི་གེ་བཟོས་པར་བཤད་པ་དང་བསྡུར་ན་ཆེས་སྔ་བ་ཡིན་པར་ཡང་ཤེས་ཐུབ་བོ། །
དེས་ན་ཏུན་ཧོང་ཡིག་རྙིང་གི་ཤོག་དྲིལ་《 Pelliot Tibétain 1287 》རྟགས་ཅན་གྱི་ཡིག་འཕྲེང་(༢༦༥)ལས། “ ཕངས་ཏོ་རེ་དབྱི་ཚབ་ཀྱི་བུ་ཚ་གང་རུང་བ་གཆིག། །གསེར་གྱི་ཡི་གེ་མྱི་ཆད་པར་སྩལད་པར་བཀའ། སྩལ་ཏོ། ”༩ །ཞེས་སྲོང་བཙན་སྐབས་ཀྱི་གསེར་ཡིག་དང་དངུལ་ཡིག་ཅེས་པ་འདི་དང༌། ཡབ་གནམ་རིའི་སྐབས་ཀྱི་གསེར་དངུལ་གྱི་སུག་བུ་ཆུང་ཞེས་བྱུང་བ་གཉིས་ནི་དོན་འདྲ་བའི་ཕྱོགས་ལ་ངེས་པ་ཇེ་བརྟན་གྱུར་ཏོ། །
“ རྔུལ་གྱི་སུག་བུ་ཆུང་ ” ཞེས་པ་འདི་དངུལ་ཡིག་ལ་ངོས་བཟུང་བ་ཙམ་འགྲིག་ཀྱང༌། “ དངུལ་ཡིག་ཆུང་ངུ་ ”༡༠ ཞེས་པར་མི་འཐད་སྟེ། “ དངུལ་གྱི་སུག་བུ་ཆུང་ ” འདི་ནི་ཡབ་གནམ་རི་སྲོང་བཙན་གྱིས་མྱང་མང་པོ་རྗེ་ཞང་སྣང་བློན་ཆེན་པོར་བཅུག་པའི་མཚན་མ་རུ་བསྩལ་བ་ཡིན་ལ། བློན་ཆེན་པོ་ནི་བཙན་པོའི་འོག་གི་དབང་ཚད་མཐོ་ཤོས་དེ་ཡིན་པས། དེ་ལ་ “ དངུལ་ཡིག་ཆུང་ངུ་ ” བསྩལ་ན་ “ དངུལ་ཡིག་ཆེན་པོ་ ” བསྩལ་ས་དེ་ལས་གཞན་སུ་ཞིག་ཡོད། དེས་ན་སྐབས་དེར་གསེར་གཡུ་གཉིས་ཀྱི་ཡིག་ཚངས་མ་དར་བའམ། ཡང་ན་སྐབས་དེར་དེ་གཉིས་དངུལ་ལས་རིན་ཐང་ཆུང་བ་སོགས་གང་རུང་ལས་མ་འདས་ཤིང༌། དོན་ལ་ “ དངུལ་གྱི་སུག་བུ་ཆུང་ ” ནི་དངུལ་ཡིག་ཁོ་ན་སྟེ། སྲོང་བཙན་ཡར་སྔོན་དུ་ “ སུག་བུ་ཆུང་ནི་ ” ཡི་གེའི་མིང་བླ་དྭགས་དང༌། “ སུག་ལས་བགྱིས་པ་ ” ནི་ཡི་གེ་འབྲི་བའི་དོན་ལ་གོ་དགོས་པར་བསྙོན་དུ་མེད་དོ། །