སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱི་སྐུ་ཐང་ལ་བསམ་གཞིག་བྱས་པ།
རྩོམ་བྲིས་པ། སྟོང་སྲས་ལྷ་བུ། (མ་རྩོམ་ཡོང་ཁུངས། རྩོམ་པ་པོ།)
སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱི་སྐུ་ཐང་ལ་བསམ་གཞིག་བྱས་པ།
(འཕྲིན་སྟེགས་ཞིག་ནས་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱི་སྐུ་པར་བཤམ་པའི་སྐོར་ལ་གྲོས་མོལ་གྱི་ཚུལ་དུ)
ཉེ་ལམ་དབྲ་དཀར་གཞན་ཕན་ཤེས་རབ་ཀྱི་འཕྲིན་སྟེགས་ཟེར་བའི་འཕྲིན་ཚོམས་ཤིག་ཏུ་སྒ་རིགས་ཀྱི་སྟོན་པ་ཚུལ་ཁྲིམས་རྒྱལ་མཚན་མཆོག་གི་མཛད་རྣམ་མདོར་བསྟུས་ཤིག་ཁྱབ་བསྒྲགས་གནང་བ་མཐོང་བྱུང་། དེ་དང་འབྲེལ་བསམ་ཚུལ་འགའ་ཞུ་འདོད་བྱུང་། སྤྱིར་འདི་འདྲའི་བོན་གྱི་མཁས་གྲུབ་དག་གི་མཛད་པ་དང་རྣམ་ཐར་བརྒྱུད་སྤེལ་ཁྱབ་བསྒྲགས་གནང་བར་སྙིང་དབུས་ནས་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་ཧ་ཅང་དགའ་ཚོར་བྱུང་།
ཡིན་ན་ཡང་རྩོམ་དེར་བཀོད་པའི་ཁོང་གི་སྐུ་པར་རམ་སྣང་བརྙན་ནི་ཅུང་ནོར་ཡོད་ཚོད་འདུག རྒྱུ་མཚན་ནི་སྒ་རིགས་ཀྱི་སྟོན་པ་ཚུལ་ཁྲིམས་རྒྱལ་མཚན་མཆོག་ནི་ཞང་སྟོན་བསོད་ནམས་རིན་ཆེན་མཆོག་གི་མདུན་ནས་རབ་བྱུང་མནོས་པའི་ལོ་རྒྱུས་ཡོད་པས་ཁོང་གི་སྣང་བརྙན་དངོས་སུ་མེད་ཀྱང་བྲིས་པའི་གཟུགས་ལ་གཙོ་བོ་འདུལ་ཆས་ཡིན་དགོས་པ་དང་དབུ་སྐྲ་སོགས་མེད་པའི་གཟུགས་སུ་བྲི་དགོས་པར་མངོན་སུམ་དུ་སྣང་།
ཁྱབ་བསྒྲགས་འདིའི་ནང་གི་སྣང་བརྙན་ལ་སྔགས་ལུགས་དབུ་སྐྲ་ནག་འཕྲེང་ཅན་གྱི་སྐུ་ཞིག་ལ་འདུལ་ཆས་མ་ཡིན་པའི་ཆས་ཤིག་སྤྲས་འདུག་ལ། ཕྱག་ཀྱང་གཡོན་ན་པོ་ཏི་དང་གཡས་པ་པུས་མོའི་ཐད་དུ་བརྐྱངས་པ་ཅན། དེ་ལ་སྒོམ་ཐག་དང་གཡས་ལོགས་སུ་སྒམ་ཆུང་ཞིག་གི་སྟེང་ན་ཡི་གེ་པོ་ཏི་ཁ་ཤས་འདུག་པ་ཞིག་བཀོད་ཡོད་འདུག་པས་ནོར་སོང་བ་རེད་སྙམ།
སྤྱིར་མཁས་གྲུབ་ཁོང་གི་སྣང་བརྙན་ལ་ཅི་རིགས་སུ་ཡོད་ཆོག་ནའང་གཙོ་བོ་འདུལ་བའི་ཆ་ལུགས་མ་དོར་བའི་སྐུ་ཞིག་དགོས་པ་དང་། ཁོང་གིས་མཛད་པའི་<<བདེན་པའི་མཛོད་ཕུགས་རྣམ་པར་འབྱེད་པའི་ལྡེ་མིག>> ཅེས་པའི་དབུ་དེབ་སྟེང་དུ་སྐུ་བརྙན་འཁོད་པ་ལྟར་ན། གཙོ་བོ་འདུལ་བའི་རང་ཆས་སུ་ཞུགས་པ་དང་། དབུ་ལ་བོན་ཞྭ་དཀར་མོ་རྩེ་རྒྱལ་གསོལ་བ། ཕྱག་གཉིས་རྩོད་པའི་ཉམས་འགྱུར་ཏུ་སྟོན་འདུག་ལ། སེང་གེའི་ཁྲི་དང་གཡས་ཕྱོགས་སུ་སྒམ་མེད་པའི་ཡི་གེ་པོ་ཏི་ཁ་ཤས་བརྩིགས་པ་ཞིག་འདུག
གོང་གི་འཕྲིན་ཕྲན་སྟེང་དེར་འཁོད་པའི་སྣང་བརྙན་དེ་ནི་༧རྒྱལ་བ་སྨན་རིའི་ཡོངས་འཛིན་ཆེན་མོ་བདག་ཅག་ཡོངས་ཀྱི་སློབ་དཔོན་དམ་པ་༧སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་མཆོག་གི་ཞལ་བཀོད་ལྟར་དབང་ལྡན་ཞུ་གཡས་ལེགས་པོའི་སྐུ་ཐང་ཡིན་པ་འདྲ། དབང་ལྡན་ཞུ་གཡས་ལེགས་པོ་ནི་སྔགས་འཆང་ཡིད་པས་འདི་དང་འབྲེལ་བ་ཡོད་མེད་སྙིང་ནས་སོམས་པར་ཞུ།
དེར་བསྟུན་འདི་འདྲའི་ནོར་བ་ཚབ་ཆེན་དག་སྣང་མེད་མཐོང་ཆུང་དུ་མི་འཇོག་པར་ཡིད་གཟབ་དགོས་པའི་གནས་སུ་འདུག་ལ། འདི་འདྲ་ནོར་བ་ནི་རིག་གཞུང་ནོར་བ་ཡིན་ལ། རིག་གཞུང་ནོར་བ་དེས་འུ་ཅག་ལ་ཕམ་ཁ་སྤྲད་པ་ཉུང་ཉུང་མིན་ནོ།། །།
ཞེས་ས་མཐའི་འཁྱམས་པོ་སྟོང་སྲས་ལྷ་བུ་རུ་འབོད་པ་དེས་གནས་ཚུལ་མཐོང་མ་ཐག་སྡང་སེམས་དང་ཕྲག་དོག་མ་ཡིན་པར་ཕན་པ་དང་ལེགས་ཉེས་ལ་དམིགས་ནས་ཕྱི་ལོ་ ༢༠༡༦ ཟླ ༩ ཚེས་ ༡༤ ཉིན་སྦྱར་བའོ།།