རྒྱུ་འབྲས་མན་ངག་བདུན་ལ་བློ་སྦྱོང་ཚུལ་གང་འདྲ་རེད།
རྩོམ་བྲིས་པ། དགེ་བཤེས་བསྟན་འཛིན་སྦྱིན་པ། དྲི་བ་འདོན་མཁན། ལུག་རྫི་རྒས་པོ།
ཐོག་མར་དགེ་བར་འཇུག་སྐབས་རྒྱུ་འབྲས་མན་ངག་བདུན་ལ་བློ་སྦྱོང་དགོས་གསུངས་པ་ལྟར། མན་ངག་བདུན་དེ་གང་ཡིན་པ་དང་དེ་དག་ལ་བློ་སྦྱོང་ཚུལ་ཇི་ལྟར་ཡིན་གསུང་རོགས།
ལན། རྒྱུ་འབྲས་མན་ངག་བདུན་ལ་བློ་སྦྱོང་བའི་ཚུལ་ནི། མདོ་ལེའུ་བརྒྱད་པ་ལས། སྙིང་རྗེ་ཡང་ངག་རྒྱུད་ལ་སྐྱེས་གྱུར་ན། །བྱམས་དགའ་བཏང་སྙོམས་གཅིག་གིས་གཅིག་བསྐྱེད་འབྱུང་། །ཞེས་དང་། དྲང་དོན་མུན་སེལ་ལས། སེམས་ཅན་སྐྱེ་འགུལ་ཐམས་ཅད་ཕ་མའི་རང་བཞིན་ལ། །སྙིང་རྗེ་བྱམས་དགའ་བཏང་སྙོམས་རྩེ་གཅིག་བསྒོམ། །དེ་ལ་བསྟེན་ནས་ལྷག་པ་བྱང་ཆུབ་སེམས་ཀྱང་སྐྱེ། །ཞེས་གསུངས་པའི་དོན་འགྲེལ་དུ་ཀུན་མཁྱེན་ཉི་མས་ཕར་ཕྱིན་སྐབས་དང་པོའི་རྣམ་བཤད་ལས། རྒྱུ་འབྲས་མན་ངག་བདུན་ལ་བློ་སྦྱོང་བའི་གོ་རིམ་ལུགས་ལྡོག་ཏུ་བསྟན་པ་ཡིན་ཏེ། ཝ་ནའི་དེབ་གཟུགས་ཤོག་ངོས་ ༡༢༨ ནས། “དེ་གང་ཞེ་ན། སངས་རྒྱས་ཀྱི་འབྲས་བུ་ནི། ༧བྱང་ཆུབ་ཀྱི་སེམས་ལས་འབྱུང་། ༦དེ་ལྷག་པའི་བསམ་པ་ལས་འབྱུང་། ༥ དེ་སྙིང་རྗེ་ལས་འབྱུང་། ༤ དེ་བྱམས་པ་ལས་འབྱུང་། ༣ དེ་དྲིན་དུ་བཟོས་པ་ལས་འབྱུང་། ༢ དེ་དྲིན་དྲན་པ་ལས་འབྱུང་། ༡ དེ་སེམས་ཅན་ཐམས་ཅད་མ་རུ་ཤེས་པ་ལས་འབྱུང་བའི་གོ་རིམ་ཡོད་པས་སོ། །” ཞེས་ཐེག་པ་ཆེན་པོའི་སེམས་བསྐྱེད་དེ་ཐབས་གང་ལ་བརྟེན་ནས་སྐྱེ་བའི་ཚུལ་བསྟན་པ་དང་། དེ་ཡང་ལུགས་ལྡོག་གི་དབང་དུ་བྱས་ན་བྱང་ཆུབ་ཀྱི་སེམས་དེ་འབྲས་བུ་དང་གཞན་དྲུག་པོ་རྒྱུ་རུ་བསྟན། ལུགས་འབྱུང་གི་དབང་དུ་བྱས་ན། དང་པོ་སྙིང་རྗེ་ཆེན་པོའི་དམིགས་ཡུལ་སེམས་ཅན་མ་རུ་ཤེས་པའི་བློ་རྒྱུད་ལ་སྐྱེས་པ་ཙམ་གྱིས་ཕྱི་མ་རྣམས་རིམ་གྱིས་གཅིག་གིས་གཅིག་བསྐྱེད་པའི་རྒྱུ་འབྲས་ཀྱི་ཚུལ་ལམ་ཉམས་ལེན་གྱི་གོ་རིམ་དེ་བསྟན་པ་ཡིན་ནོ། །
འོན་ཀྱང་དྲང་དོན་མུན་སེལ་སྒྲོན་མ་ལས། རྟེན་གྱི་གང་ཟག་འབྲས་བུ་སྐུ་གསུམ་ཐོབ་པར་འདོད་པ་གང་ཞིག་གིས་ཐོག་མར་ལམ་ཉམས་སུ་ལེན་པའི་རིམ་པ་ལ་བསྒོམ་རྒྱུ་རྣམ་པ་བདུན་ཞེས་རྒྱུ་འབྲས་ཀྱི་གོ་རིམ་བདུན་གསུངས་ཡོད་ཀྱང་ཕར་ཕྱིན་ལས་གསུང་པ་ལྟར་གྱི་རྒྱུ་འབྲས་མན་ངག་བདུན་གྱི་རྣམ་དབྱེ་དེ་ལྟར་ཞིབ་ཏུ་ཕྱེས་པ་ཞིག་མ་མཐོང་། ཞོར་དུ་མཁྱེན་རྟོགས་གནང་དགོས་པ་ཞིག་ལ། དྲང་དོན་མུན་སེལ་སྒྲོན་མ་ལས། རྟེན་གྱི་གང་ཟག་ཅིག་སངས་རྒྱས་པའི་ཐབས་སུ་བསྒོམ་རྒྱུ་རྣམ་པ་བདུན་དང་། ལག་ལེན་གསུམ། བློ་ལྡོག་གི་བོན་བཞི་ཡི་སྒོ་ནས་སངས་རྒྱས་བསྒྲུབ་པའི་ཆ་རྐྱེན་ཕུན་ཚོགས་སུ་བསྟན་འདུག་པ་ནི་འདི་ལྟར། དེ་ལ་བསྒོམ་པའི་བོན་བདུན་ནི། “༡ འཆི་བ་མི་རྟག་པ་བསྒོམ་པ། ༢ དལ་འབྱོར་མི་ལུས་ཐོབ་པར་དཀའ་བ་བསྒོམ་པ། ༣ འཁོར་བའི་ཉེས་དམིགས་བསྒོམ་པ། ༤ ལས་རྒྱུ་འབྲས་བསྒོམ་པ། ༥ བྱམས་སྙིང་རྗེ་བསྒོམ་པ། ༦ སྐྱབས་འགྲོ་སེམས་བསྐྱེད་བསྒོམ་པ། ༧ འབྲས་བུ་སྟོང་ཉིད་བསྒོམ་པ་དང་བདུན་ནོ། །”ཞེས་རྒྱུ་འབྲས་ཀྱི་གོ་རིམ་བདུན་བསྟན་ཡོད་པ་མ་ཟད་དེ་དག་ལག་ཏུ་ལེན་པའི་བོན་གསུམ་སྟེ། “༡ འཁོར་བའི་ཉེས་དམིགས་མཐོང་བ་ལ་ཡིད་ཆེས་པས། སྐྱབས་སུ་འགྲོ་བ་ལག་ཏུ་ལེན་དགོས། ༢ ལས་དང་རྒྱུ་འབྲས་ལ་ཡིད་ཆེས་པས། བོན་དང་འགལ་བའི་སྤྱོད་པ་དོར་དགོས། ༣ བྱམས་དང་སྙིང་རྗེ་ལས་སུ་རུང་བས། སེམས་ཅན་གྱི་དོན་ཁྱད་པར་དུ་ལག་ཏུ་བླང་དགོས།” ཞེས་ལག་ལེན་གྱི་བོན་གསུམ་ཇི་ལྟར་ཉམས་སུ་ལེན་དགོས་པ་རྒྱུ་མཚན་དང་བཅས་པ་གསུངས་ཡོད། དེ་བཞིན་བློ་ལྡོག་པའི་བོན་བཞི་ཡི་དགོས་པ་བསྟན་སྟེ། “༡ འཆི་བ་རྗེས་སུ་དྲན་ཞིང་དལ་འབྱོར་ཐོབ་པར་དཀའ་བ་བསྒོམས་པས་ཚེ་འདི་ཡི་བློ་ལྡོག་དགོས། ༢ འཁོར་བའི་ཉེས་དམིགས་མཐོང་ཞིང་ལས་རྒྱུ་འབྲས་ལ་ཡིད་ཆེས་པས་འཁོར་བ་ལས་བློ་ལྡོག་དགོས། ༣ བྱམས་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས་རང་དོན་ཞི་བདེ་ཐོབ་འདོད་ལས་བློ་ལྡོག་དགོས། ༤ གང་ཟག་དོན་ལ་བདག་མེད་པར་བསྒོམས་པས་ཡང་དག་པའི་གཟུང་འཛིན་ལས་བློ་ལྡོག་དགོས།”ཞེས་བླ་ཆེན་དྲན་པ་ནམ་མཁས་ཕྱི་རབས་རྗེས་འཇུག་རྣམས་ལ་བྱང་ཆུབ་བསྒྲུབ་པའི་ལམ་གྱི་རིམ་པ་དང་། དགོས་པ། རྒྱུ་འབྲས་ཀྱི་གོ་རིམ་བཅས་མདོ་ཙམ་གསུངས་ཡོད་པ་འདི་ཙམ་གྱིས་བོན་ལ་རྒྱུ་མེད་དང་། ལྷ་ལ་འབྲས་མེད་ཟེར་བའི་ལོག་རྟོག་དང་། སྒྲོ་བསྐུར་གྱི་ངག་རང་བཞིན་གྱིས་ཞི་ནས་བོན་གྱི་བདེན་པའི་དེ་ཉིད་མཇལ་བར་འགྱུར་བར་ཤོག་ཅིག་གུ།། །།