ཧི་མ་ལ་ཡའི་བགྲེས་པོ་གློ་བུར་སྐུ་གཤེགས་པར་རྗེས་དྲན་ཞུ།
རྩོམ་བྲིས་པ། ཆོས་འཁོར་ཚང་དགེ་བཤེས་གཡུང་དྲུང་རྒྱ་མཚོ།
༼ཧི་མ་ལ་ཡའི་གློག་བརྙན་འཁྲབ་སྟོན་པ་དོལ་པོ་འཕྲིན་ལས་ལྷུན་གྲུབ་སྐུ་གཤེགས་པར་རྗེས་དྲན་ཞུ།༽
ཕ་ཡུལ་དོལ་པོའི་བྱུང་རབས་རིང་ཤིང་ཞིང་འབྲོག་ཟུང་གི་རང་བཞིན་ལྡན། །
འཕྲིན་ལས་ལྷུན་གྲུབ་ས་མཐོར་སྐྱེས་ཤིང་ས་མཐོའི་འཚོ་བར་མྱོང་བ་ཟབ། །
ཨེ་རིག་མགོ་སེར་དྲན་འཕྲུལ་རྒོད་པས་རང་བཞིན་ཇི་མཐོང་གཏམ་རྒྱུད་བྲིས།།
‘’ཧི་མ་ལ་ཡ”འི་མཚན་སྙན་གླེང་ན་མེས་མེས་ཁྱེད་ཀྱི་གདོང་རིས་དྲན། །
སྦས་ཡུལ་དོལ་པོ་ས་སྒང་ཡོད་ཀྱང་ས་སྟེང་མི་ཡིས་མ་མཐོང་སྐབས། །
གཡག་དེད་ཚྭ་ཚོང་གཏམ་བརྗོད་འདི་ཡིས་དོལ་པོ་ཀུན་གྱི་ལྟད་མོར་བཤམས།།
ཡམ་བུའི་བོད་པས་མེས་མེས་ཁྱེད་ལ་ཕྱུ་པ་གོན་པའི་ཧི་རོར་(དཔའ་བོ)འབོད། །
ལྷན་སྐྱེས་ཉམས་ཀྱི་སྒྱུ་རྩལ་དེ་ཡིས་ཁྱེད་ཀྱི་སྣང་བརྙན་སླར་ཡང་དྲན། །
བོན་ཆོས་ཁྱད་མེད་སྐྱབས་སུ་བཅོལ་ནས་བུ་རབས་བར་དུ་ཞི་བདེས་གནས། །
དཀར་ནག་རྒྱ་ཡི་ཆལ་ཆོལ་མ་འདྲེས་རང་གི་རིག་གཞུང་གཙང་མར་ལྷག །
མར་དང་རྩམ་པའི་བཅུད་ལ་རོལ་ཞིང་རང་སྐད་རང་རྐྱ་ཚུགས་ཐུབ་སྤྱོད། །
ཕ་ཡུལ་དོལ་པོ་རང་བཞིན་ལྷན་དུ་”ཀ་རཱ་ཝཱན་”(འགྲུལ་བ)མེས་མེས་སེམས་ལ་ཤར། །
མང་ཉུང་རན་པའི་སྟོང་སྐུད་བཀྲིས་ཤིང་འཛུམ་དང་དགོད་ཀྱི་བག་ཡངས་ཅན། །
རིང་ཐུང་མཉམ་པའི་ཨག་ཚོམ་དེ་ཡིས་ཁྲོས་ན་དཔོན་གྱི་རྔམ་བརྗིད་ལྡན། །
གདོང་རིས་གཉེར་མའི་རི་མོ་རེ་ལ་རོང་འབྲོག་འཚོ་བའི་བདེ་སྡུག་མངོན། །
མཐོ་དམན་འཚམས་པའི་ཕྱུ་པའི་གོས་བཅས་ཁྱེད་ཀྱི་སྣང་བརྙན་སེམས་ལ་ཤར། །
ཁྱེད་ཉིད་གཤེགས་པའི་གནས་ཚུལ་ཐོས་ཕྲལ་གློ་བུར་སེམས་ལ་ཡིད་མ་ཆེས། །
འཕྲང་དོག་རི་གཟར་ཆུ་བོ་བྲུག་པའི་རྐང་ལམ་དེ་ལ་ཁོང་ཁྲོ་སྐྱེས། །
འཆི་བ་འདི་ལ་གཡོལ་ཐབས་དཀའ་ཡང་གློ་བུར་བཞུད་ལ་ཧ་ཅང་འཕང་། །
ཐག་རིང་འདི་ནས་བྱ་ཐབས་ཟད་ཀྱང་བསྔོ་སྨོན་སྒྲོན་མེས་སྐྱེལ་མ་ཞུས། །
སྤྱི་ལོ་ ༢༠༡༦ ཟླ་ ༥ ཚེས ༢ ཉིན་ཆོས་འཁོར་ཚང་གཡུང་དྲུང་རྒྱ་མཚོས།