རུས་གོག་ལ་སྡོམ་པ་འབྱར་བ།
རྩོམ་བྲིས་པ། ཁྱུང་བཙུན་གངས་ལྷ་དཀར་པོ།
བླ་སྐྱ་ཞིག་གིས་ང་ཚོ་བླ་མ་ཚོས་གྱོན་རྒྱུའི་པད་ཞུ་དང་རྨད་གོས་དེ་དག་དེང་སང་གྲྭ་པ་འདི་ཚོས་གྱོན་འགྲོ་ཡི་གདའ་ཟེར་བའི་གཏམ་ཞིག་སྔོན་མ་ནས་གོ་མྱོང་ཡོད་ལ། བླ་སྐྱ་ཞིག་གིས་རབ་བྱུང་གི་སྡོམ་པ་གནང་བའི་ལོ་རྒྱུས་ཀྱང་གོ་མྱོང་ཡོད།
དེ་ནི། རྒྱུ་མཚན་གཞན་གང་མ་ཡིན་པར། རུས་གོག་ལ་སྡོམ་པ་དོན་གྱིས་འབྱར་ཡོད་ཟིག
རུས་གོག་ཡོད་ན་སློབ་པ་སློབ་གཉེར་གྱི་བྱ་བར་ཞུགས་མི་དགོས་པར་སྐྱེས་ནས་འཇིག་རྟེན་ཆེ་མ་ཆུང་གསུམ་གང་རུང་གི་བདག་པོར་གྱུར་ཏེ། ང་བོའི་ང་རྒྱལ་ཀློང་ན་ཚེ་མཐར་ཐུག་ཀྱང་ཉེས་པ་མེད།
རྒྱུ་མཚན། རུས་གོག་ལ་ཡོན་ཏན་དོན་གྱིས་འབྱར་བས་སོ། །
རུས་གོག་ཡོད་ན་དཔེ་རྒྱུན་ལ་ཚིག་གི་གོ་བ་དང་དོན་དམ་སེམས་ཀྱི་ཉམས་རྟོགས་ཅི་ཡང་མེད་ཀྱང་གཤིན་པོའི་སྔས་འགོ་ནས་ཕཌ༔སྒྲ་ཆེན་པོ་མ་དེ་ལ་ཕན་ཐོགས་ཧ་ཅང་ཆེ། རྒྱུ་མཚན། རུས་གོག་ལ་ཉམས་རྟོགས་དོན་གྱིས་འབྱར་བས་སོ། །
རུས་གོག་ཡོད་ན་འབད་བརྩོན་ལ་བརྟེན་ནས་གྲུབ་འབྲས་འབྱུང་མི་དགོས་པར་ཉམ་ཆུང་མི་མང་གིས་བསགས་པའི་ཡོན་འབབ་ཀྱིས་རྒྱ་གྲོང་དཀྱིལ་དུ་མཁར་ཁང་བརྩིགས་བྱེད་དང་ཚོང་རྟགས་གྲགས་ཅན་གྱི་རླངས་འཁོར་ཉོ་བྱེད་ཐམས་ཅད་པོ་འབྱུང་རུང་མ་འགག་པར་ལྷུན་གྲུབ་ཡིན། རྒྱུ་མཚན། རུས་གོག་ལ་སྒོར་མོ་དོན་གྱིས་འབྱར་བས་སོ། །
རྒྱུ་མཚན་འདི་དག་ལ་དམིགས་གཏད་གཙོ་བོར་འཛིན་མཁན་གྱི་མྱི་འདྲེ་དུ་མ་ཞིག་གིས་རྒྱལ་བ་གཤེན་གྱི་རུས་ལ་བརྫུ་བཞིན་གཤེན་རྒྱུད་དུ་རློམ་པ་དང་། ཞིག་པོ་བཅོ་བརྒྱད་བཅུ་དགུ་རུ་བསྒྱུར་རྒྱུའི་ཧམ་སེམས་མངོན་དུ་ལྡང་བ། རང་གི་ལྟག་ཁུང་ནང་ལ་ཡོད་པའི་ཕྲ་མོའི་སེམས་ཅན་དེ་ཉིད་ཤིག་དང་སྲོ་མ། འབུ་དང་སྦྲང་མ་སོ་སོར་འབྱེད་པའི་བློ་མིག་ཞར་ཡང་། ད་དུང་འབྱུང་ལྔ་ལ་རང་དབང་ཐོབ་པའི་གྲུབ་ཐོབ་རིག་འཛིན་གོང་མའི་རྣམ་སྤྲུལ་ཡིན་པར་རློམ་ནས་དད་ལྡན་མང་ཚོགས་དག་ལ་སྐྱེ་བ་སྔ་ཕྱི་དང་དམྱལ་ཁམས་མཁྱེན་པའི་མངོན་ཤེས་ཡོད་མདོག་གིས་རྫུན་གཏམ་ལུང་པ་གང་བསྙད་པ་སོགས། དོན་དངོས་དང་ལོ་རྒྱུས་བྱུང་ཁུང་གང་ལ་མི་མཐུན་པའི་གནས་ཚུལ་ངན་པ་འདི་འདྲ་དེང་གི་སྐབས་སུ་ཡང་བཟོ་དང་བཟོ་བཞིན་ཡོད།
རབ་འབྱམས་བཤེས་གཉེན་འབོད་པ་འགའ་ཡིས་དངོས་བྱུང་གི་ལོ་རྒྱུས་མེད་པར་ཤེས་བཞིན་དུ་འདི་དག་ལ་རོགས་པ་བྱེད་དེ་རྣམ་ཐར་རྫུན་བཟོ་དང་སྐད་འཕྲིན་གྱི་ཚོགས་པ་འཛུགས་སྟེ་རྨོངས་པ་རང་མགོར་ལྷུང་བའི་མི་མང་རྣམས་ལ་རྫུན་གཏམ་བསྒྲགས་པ་ཟོག་པོ་འདི་ཚོའི་བྱ་སྤྱོད་དང་དུ་ལེན་ནས་ཉམས་ལེན་མེད་ཀྱང་ཡོད་མདོག གནས་ལུགས་མ་རྟོགས་ཀྱང་རྟོགས་མདོག ལྷ་འདྲེ་མ་རིག་ན་རིག་མདོག་སྟོན་པ་སོགས་ཀྱི་བྱ་ཐབས་སྣ་མིན་སྣ་ཚོགས་སྤེལ་བ་དག་རང་སར་སྣང་མེད་དུ་བཞག་ན་སངས་རྒྱས་བསྟན་པ་རིན་པོ་ཆེ་བབ་ཆོལ་དུ་འགྲོ་ཉེན་ཆེ་བས་མཁྱེན་དཔྱོད་དང་ལྷག་བསམ་ཟུང་དུ་འབྲེལ་བའི་བློ་ལྡན་རྣམས་ཀྱིས་ཐུགས་བསམ་བཞེས་པའི་དུས་ལ་བབ་འདུག ད་མ་གཡེལ་ཀྱེེཻ།
མངོན་ཤེས་རྒྱུ་ནི་ཏིང་འཛིན་ཡིན། །ཞེས་པའི་སྐབས་ནས་བསྟན་པའི་མངོན་ཤེས་ཤིག་ཁྱོད་ཅག་གི་རྒྱུད་ལ་སྐྱེས་ཡོད་ན། མངོན་ཤེས་དེ་ནི་བདེན་པའི་རྣམ་ཅན་གྱི་མངོན་ཤེས་ཡིན་པས་གང་བྱུང་བྱུང་དུ་བཤད་མི་ཆོག་པ་མདོ་སྔགས་སེམས་གསུམ་གྱི་དགོངས་དོན་གཅིག་མཐུན་ཡིན་པའི་ཕྱིར་ན། རྒྱུ་ཟས་དཔལ་འབྱོར་རགས་ཐབས་སུ་མངོན་ཤེས་དེ་ཉིད་བེད་སྤྱད་ན་རྒྱལ་བའི་བཀའ་དང་འཕགས་པའི་ལུང་ལ་ཤིན་ཏུ་འགལ་བས་ཁྱོད་ཅག་ཆོས་པ་རྣམ་དག་ཅིག་ཡིན་པའི་དབང་དུ་བཏང་ཚེ་རྩ་བའི་དམ་ཚིག་ཆེན་མོ་ཉམས་པ་རེད།
རྟོག་པའི་འཆར་ཡན་བསམ་མཐའ་ཡས་པ་ལས་བྱུང་བའི་སྣང་ཚུལ་དེ་ཚོ་དག་སྣང་ཡིན་པའི་ངེས་པ་གཏན་ནས་མེད་དེ། མ་དག་པའི་སྣང་བ་གྲངས་ལས་འདས་པས་སོ། །འཆར་སྣང་དག་གིས་རྐྱེན་བྱས་པའི་ཞལ་ནས་ཐོགས་མེད་དུ་མིང་ཚིག་ཡི་གེ་སོགས་ཆུ་བོ་ཐུར་དུ་བབས་པ་ནང་བཞིན་ཡོད་ཀྱང་། ཡོད་མཁན་དེ་དག་ཐམས་ཅད་པོ་སྙན་རྒྱུད་ཀྱི་བདག་པོར་འཛིན་པ་ནི་རྨོངས་པས་ཟིན་པའི་བླུན་པོ་འགའ་ཡི་ལམ་ལུགས་ཡིན་པས་དོན་དུ་རྒྱུ་མཚན་མེད་པ་དང་། རྒྱུ་མཚན་ཆུང་བའི་རིགས་ཀ་ལ་མགོ་བོ་ནམ་ཡང་མ་འཁོར་རོགས་སེམས་གཏིང་ནས་ཞུ་བ་ཡིན། དཔེར་ན་ཡི་གེ་གཅིག་ཀྱང་མི་ཤེས་པའི་སྒྲུང་མཁན་ཚོས་སྒྲུང་ཐོགས་མེད་དུ་ཕབས་ཡོང་དུས་ཧོབ་སྟེ་བལྟས་ན་ཁེ་མཚར་མོ་མ་ཞིག་ཡོད་མོད།
གནས་ལུགས་ཀྱི་ཉམས་རྟོགས་སེམས་སུ་འབར་སྟོབས་ལས་བྱུང་བའི་མགུར་མ་དང་། སྙན་རྒྱུད། བཀའ་གཏེེར་སོགས་ཀྱི་བདག་པོ་རྣམས་ནི་ཁོ་བོས་དུས་ནམ་ཡང་ནང་པ་སངས་རྒྱས་པའི་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་རྨིང་གཞི་རུ་གྱུར་པའི་དད་འདུན་སྐྱབས་འགྲོ་སོགས་ཀྱི་སྐྱབས་ཡུལ་དུ་གཙོ་བོར་འཛིན་གྱིན་ཡོད་མོད། འོན་ཀྱང་། ཆགས་སྡང་རྨོངས་གསུམ་དང་། ང་རྒྱལ་ཕྲག་དོག་གིས་རང་སེམས་སྤུར་སྤུར་ཁ་ཡིན་པའི་ཨ་རོགས་ཚོའི་ཞལ་ནས་བྱུང་བའི་བཀའ་གསུང་སྟེ། བརྗོད་བྱ་དང་བརྗོད་མཁན་གཉིས་པོ་གནམ་ས་ལྟ་བུའི་ཁྱད་པར་ཡོད་པའི་རིགས་ལ་སྲིད་པ་མགོ་མཇུག་ལོག་ཀྱང་དད་འདུན་མོས་གསུམ་མི་བྱེད་པའི་དམ་བཅའ་སྙིང་ལ་བཙན་འཛེར་བྱས་ཟིན་ནོ། །
སྲིད་པ་ཀེར་སྒུར་ལེབ་གསུམ་གྱི་རྩ་ཁྲིམས་དང་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ངན་པ་སྒང་པ་བོད་ཆེན་པོའི་མངའ་རིས་སུ་དྲག་འཕྱུར་བྱེད་དུས་ཀྱི་གནས་སྟངས་ཐབས་སྡུག་འདི་ཚོ་ད་སྐབས་ཀྱི་སྤྱི་ཚོགས་འདི་ལ་ཅི་ཡང་ཕན་ཐོགས་མེད་པས་ལམ་དང་ལུགས་སྲོལ་འདི་ཡི་རིགས་ཀ་ཚང་མ་ངེས་པར་དུ་འདོར་ཏེ་འཛམ་གླིང་གི་མི་ཡི་གྲལ་དུ་ཚུད་པར་བྱེད་དགོས། གལ་སྲིད་རང་ཉིད་རྨོངས་དད་ཀྱིས་རྒྱ་ནོགས་ནས་མི་གྲལ་མ་ཚུད་ཀྱང་བུ་ཕྲུག་རྣམས་སློབ་པ་དོན་དུ་གཉེར་སའི་ཁོར་ཡུག་ཅིག་ཏུ་མངག་གཏོང་བྱེད་དེ་མ་འོངས་པར་རང་གི་རིགས་རྒྱུད་རྣམས་ཤེས་རིག་ལ་དབྱིངས་དང་། ཁ་ཕྱོགས། འབད་བརྩོན་ཡོད་པའི་མི་བུ་ཡག་པོ་ཞིག་ཏུ་བསྒྱུར་རྒྱུའི་བསམ་བློ་དང། འཆར་གཞི། འབད་པ་སོགས་དགོས་གལ་ཤིན་ཏུ་ཆེ་བས་སེམས་སུ་འཛིན་ནས་ལག་བསྟར་བྱེད་པའི་དུས་ལ་བབ་པོ་ས་མ་ཡ།། །།