སློབ་དཔོན་སྒྲོ་ལག་པ་དང་མཁན་པོ་གླེ་ཁ་བ་གཉིས་སུ་ཡིན་ནམ།
དྲི་བ་གནང་མཁན། ས་ལེ་སྦྲམ། ལན་འབུལ་མཁན། རྩོམ་སྒྲིག་པ་ཞང་ཚུལ་མི།
དྲི་བ། སློབ་དཔོན་སྒྲོ་ལག་པ་དང་མཁན་པོ་གླེ་ཁ་བ་གཉིས་སུ་ཡིན་ནམ། ད་དུང་ཁོང་གཉིས་ཀྱི་ཤེར་ཕྱིན་ཁམས་བརྒྱད་སྐོར་ཀྱི་གསུང་རྩོམ་གང་འདྲ་ཡོད་མེད་ཀྱང་ངོ་སྤྲོད་གནང་རོགས།
ལན། བླ་མ་འདི་གཉིས་ལ་ཡོངས་གྲགས་སུ་མཁན་སློབ་གཉིས་ཞུ། འཁྲུངས་འདས་དང་ཡབ་ཡུམ་གྱི་མཚན་གསལ་པོ་མ་ཤེས་རུང་དུས་རབས་བཅུ་པའི་སྨད་དམ་བཅུ་གཅིག་པའི་སྟོད་གང་རུང་ལ་འཁྲུངས་པར་མངོན། བླ་མ་དེ་གཉིས་ལ་མཁན་སློབ་རྣམ་གཉིས་ཞེས་ཞུ་དོན་ནི་ཕྱི་དར་བསྟན་པའི་མཛོད་འཛིན་དགོངས་མཛོད་རི་ཁྲོད་ཆེན་མོའི་མཁན་སློབ་དུ་མཛད་པས་དེ་ལྟར་གྲགས་པར་སྣང་།
མཚོ་བཙུན་ནམ་མཁའ་རྒྱལ་མཚན་ལ་མཚན་གྱི་རྣམ་གྲངས་དུ། མཁན་པོ་དར་ཡུལ་བ་དང་། མཁན་པོ་གླེ་ཁ་པ། སླེ་བ་པ་བཅས་ཞུ་གསོལ་མཆིས། ཁོང་མཚོ་བཙུན་ཟེར་དོན་ནི་མཚོ་སྙ་སྨན་གོང་དུ་བཞུགས་མཁན་ཞིག་ཡིན་ནམ་སྙམ་པ་རེ་བྱུང་། དེ་མིན་མཚན་གཞན་གླེ་ཁ་པ་དང་། སླེ་བ་པ་ཞུ་བ་དེ་ཚོ་ས་གནས་དང་གདུང་རུས་གང་ལ་གོ་མིན་ད་ཕན་ཤེས་རྟོགས་མ་བྱུང་ནས་ལྷག བླ་མ་དེ་ནི་བོན་ཕྱི་དར་གྱི་འདུལ་བསྟན་དར་སྤེལ་ཐད་ལ་མཛད་རྗེད་འཇོག་མཁན་ཞིག་དང་ལྷག་ཏུ་མ་འོངས་ལུང་གི་ཟིན་པའི་སྐྱེས་བུ་ཞིག་ཡིན་སྐོར་འཁོད། ཕར་ཕྱིན་སྐབས་དང་པོ་རུ་ཁམས་བརྒྱད་ཀྱི་གོ་རིམ་འཇོག་སྟངས་ལ་མཁན་པོ་དར་ཡུལ་བའི་བཞེད་ཕྱོགས་ཞིག་གསལ་སོང་བས། ཁོང་གིས་མཛད་པའི་ཁམས་ཆེན་དང་འབྲེལ་བའི་གསུང་རྩོམ་ཡོད་ན་སྙམ་པ་རེ་བྱུང་། དེ་སྔོན་ཕྲན་ནས་དེའི་སྐོར་ཁམས་འགྲེལ་དང་སྡུད་འགྲེལ་སོགས་དཔེ་གཞུང་གཞན་ནས་གསལ་མིན་དོ་སྣང་བྱེད་མྱོང་ཡོད་ཀྱང་ངེས་ཤེས་རྙེད་པ་ཞིག་ཤེས་རྟོགས་མ་བྱུང་།
སློབ་དཔོན་ཇོ་གདུང་ནི་མཁན་སློབ་གཉིས་ནས་སློབ་དཔོན་དེ་ཡིན། ཁོང་གི་མཚན་གྱི་རྣམ་གྲངས་ལ། གཡུ་སྒྲོ་ལེགས་པ་དང་། སློབ་དཔོན་སྒྲོ་ལག་པ། གཡུང་བཙུན་ཇོ་གདུང་། སློབ་དཔོན་ཇོ་གཡུང་། ༼འདི་ནི་གྲུབ་ཆེན་ཁྱུང་སྒོམ་ཇོ་གཡུང་དང་མི་གཅིག༽སློབ་དཔོན་ཇོ་གདུང་བཅས་མི་འདྲ་བ་དེ་ཙམ་འབྲི་སྲོལ་སྣང་། སློབ་དཔོན་འདི་དགོངས་མཛོད་རི་ཁྲོད་ཆེན་མོའི་འདུལ་སྡོམ་ཞུ་སའི་སློབ་དཔོན་དེ་ཡིན། བླ་མ་འདིའི་དམིགས་བསལ་མཛད་པ་ཁག་དང་སྔོན་གྱི་གདན་ས་གང་གི་བླ་མ་ཡིན་སྐོར་ལོ་རྒྱུས་གསལ་པོ་མ་མཇལ། ཕར་ཕྱིན་སྐབས་དང་པོ་རུ་ཁམས་བརྒྱད་ཀྱི་གོ་རིམ་བསྟན་སྐབས་སློབ་དཔོན་སྒྲོ་ལག་པའི་བཞེད་ཕྱོགས་ལ་དགག་པ་བསྐྱོན་ཡོད་པས། ཁོང་གིས་མཛད་པའི་ཁམས་འགྲེལ་དང་ཡང་ན་གསུང་རྩོམ་ཐོར་བུའི་རིགས་བྱུང་ཡོད་མེད་དཔྱད་དགོས།
མ་གཞི་བླ་མ་དེ་གཉིས་ནི་དབེན་གནས་འགྲིམ་པའི་བླ་མ་རེ་ཡིན་བཟོ་སྣང་བས་མདོ་ཕྱོགས་ཕར་ཕྱིན་སྐོར་གྱི་གསུང་རྩོམ་ཡོད་མེད་ཀྱི་དོགས་གཞི་ཡང་བྱུང་། སྐབས་དང་པོའི་ལུང་ཚིག་དེ་ནི་ཁོང་རྣམ་གཉིས་ཀྱི་འཆད་སྒྲོས་ཡིག་གེར་སོང་བ་ཞིག་ཡིན་མིན་ནི་དཔྱད་གཞིར་སྣང་། ཕྱིས་འ་ཞ་འགྲོ་མགོན་དང་རྗེ་མཉམ་མེད། མཁས་པ་སྒ་སྟོན་སོགས་ཀྱི་གསུང་རྩོམ་ཁག་ཏུ་གོང་གསལ་མཁན་སློབ་གཉིས་ཀྱི་ཕྱག་དཔེ་ལུང་འདྲེན་བྱུང་མེད་ལ། དེ་བཞིན་བསྟན་འབྱུང་དང་དཔེ་ཐོ་བླ་མའི་རྣམ་ཐར་སོགས་ནས་ཁོང་རྣམ་གཉིས་ཀྱིས་མཛད་པའི་གསུང་རྩོམ་ཡོད་སྐོར་ད་ཕན་མ་མཇལ་ཞུ་རྒྱུ་བཅས་སོ། །