དམིགས་བསལ་བོན་གྱི་གཞུང་ལུགས་ལྟར་འཇའ་ལུས་གཤེགས་ཚུལ་དེ་གང་འདྲ་ཡིན་ནམ།
རྩོམ་བྲིས་པ། སྲིད་པའི་མིག དྲི་བ་གཏོང་མཁན། དགེ་བཤེས་སྐལ་བཟང་སྨོན་ལམ།
དྲི་བ། ང་ཚོ་བོན་གྱི་ཆོས་བརྒྱུད་ལ་འཇའ་ལུས་འཕོ་ཆེན་ཉེར་བཞི་ཟེར་བ་སོགས་ངོམས་སུ་འོས་པའི་སྐྱེས་ཆེན་མང་པོ་ཞིག་གདམས་ངག་ཁྱད་པར་ཅན་གྱི་གནད་ལ་བརྟེན་ནས་གཤེགས་སོང་བའི་ལོ་རྒྱུས་ཟབ་རྒྱས་ཡོད། ཡིན་ན་ཡང་དེང་སང་གསར་དུ་བཤད་རྒྱུ་ཐོས་རྒྱུ་མང་བ་ཞིག་ལ་བླ་སྤྲུལ་དགེ་བཤེས་རྣལ་འབྱོར་བ་གང་ཞིག་སྐུ་ཞི་བར་གཤེགས་ཚེ་རྟགས་ཡ་མཚན་ཕྲན་བུ་བྱུང་བ་ཙམ་ལ་ཡང་འཇའ་ལུས་སུ་གཤེགས་འདུག ཐུགས་དམ་བཞུགས་འདུག་ཟེར་བ་སོགས་ཀྱིས་མཚོན་ཚང་མ་རྫོགས་ཆེན་རྣལ་འབྱོར་བ་ཡིན་པ་ལྟ་བའི་དོགས་འདྲོག་ཆེན་པོ་བྱེད་ཀྱི་འདུག དེས་ན་འཇའ་ལུས་སུ་གཤེགས་མིན་གྱི་གནད་དོན་དེ་ལམ་ཉམས་སུ་ལེན་སྟངས་ཀྱི་ཆ་ནས་མདོ་སྔགས་སེམས་གསུམ་གྱི་གནད་ཟབ་མིན་ལ་ལྟོས་དགོས་སམ། དེ་མིན་གང་། དམིགས་བསལ་བོན་པོའི་གཞུང་ལུགས་ནང་ངོས་འཛིན་གནང་སྟངས་གང་འདྲ་ཡོད་པ་གཅིག་གསུང་རོགས་གནོངས།
ལན། དེ་དངོས་གནས་བདེན་པ་རེད། ང་ལ་ཡང་ཚོར་སྣང་དེ་འདྲ་བྱུང་། ང་ཚོའི་སྤྱི་ཚོགས་འདིས་རྩ་བའི་གནད་དོན་ཤེས་མིན་ལ་མ་ལྟོས་པར་འུར་ལ་དགའ་བ་མ་ཟད་རིགས་འགྲེ་བྱེད་རྒྱུར་ཧ་ཅང་དགའ་པོ་ཡོད་པ་ཚང་མས་མཁྱེན་གསལ་ལྟར་རེད། ད་དུང་མཚམས་མཚམས་ལ་དགོས་དབང་ལ་བརྟེན་ནས་མདོ་སྔགས་རྫོགས་གསུམ་གྱི་ཐེག་པ་གཅིག་ཏུ་འདྲེས་འགྲོ་བ་འདྲ་མོ་ཡང་ཡོང་གི་ཡོད། མདོར་ན་བོན་གྱི་གཞུང་ལུགས་ཀྱི་ངོས་ནས་བཤད་པ་ཡིན་ན་འཇའ་ལུས་དང་། སྒྱུ་ལུས། རྡུལ་ལུས། འོད་ལུས་ཟེར་བ་སོགས་ཐ་སྙད་ཀྱི་རྣམ་གྲངས་མང་པོ་ཞིག་ཡོད་ཀྱང་། གདོས་ལུས་ཀྱི་ཕུང་པོ་དངོས་སུ་འཇའ་འོད་དུ་དེངས་པའམ་འཇའ་ལུས་སུ་གཤེགས་པའི་ཐབས་ལམ་ཟབ་མོ་དངོས་ནི་རྫོགས་པ་ཆེན་པོའི་ལྟ་བ་དང་ཉམས་ལེན་གྱི་གནད་ཀ་ཁོ་ན་ཡིན་པར་འདོད། དེ་ཡང་མདོ་སྔགས་གཉིས་ལ་སྣང་བཞི་འོད་གསལ་གྱི་ཉམས་ལེན་དང་། རང་བཞིན་ལྷུན་གྲུབ་ཀྱི་རྫོགས་པ། བསམ་མེད་བརྗོད་འདས་ཀྱི་ལྟ་བའི་ཉམས་ལེན་དེ་དག་མེད་སྟབས་རྡུལ་ལུས་དང་། སྒྱུ་ལུས་ཀྱི་བཤད་པ་ཙམ་ལས་སྐྱེ་བ་གཅིག་ལ་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་བཞེངས་པའི་ཉམས་ལེན་གྱི་གནད་ཀ་དེ་མེད་དོ། །
ཡིན་ན་ཡང་སྔགས་ཕྱི་རྒྱུད་ལས་འཇའ་ལུས་ཞེས་པའི་ཐ་སྙད་མང་བ་དང་། ནང་རྒྱུད་ལས་སྒྱུ་མའི་སྐུ་དང་། སྒྱུ་མའི་ལུས་ཞེས་པ་སོགས་ཀྱི་ཐ་སྙད་མང་ཡང་ཐེག་པའི་འདོད་ལུགས་དང་ལྟ་བའི་ཁྱད་པར་གྱི་དབང་དུ་བྱས་ན་དེ་གཉིས་ཀ་ལ་ཚེ་འདིར་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་བཞེངས་ཐབས་ཀྱི་རྫོགས་པ་ཆེན་པོའི་ཟབ་ལམ་དེ་མེད་པར་འདོད། ཡང་མདོ་ལུགས་སུ་རྡུལ་ཕྲ་རབ་ཀྱི་ཆར་དུ་ལྷག་ནས་སངས་རྒྱས་སོ་ཞེས་རྡུལ་ལུས་དེ་བཤད་པ་མང་ཡང་དེ་ནི་གྲངས་མེད་གསུམ་ལ་ཚོགས་བསགས་སྒྲིབ་སྦྱོང་བྱས་པའི་མཐུས་མཐར་མདོ་ལུགས་སུ་སངས་རྒྱས་པའི་ཚུལ་ཙམ་བཤད་པ་ཡིན་པ་ལས་འཇའ་ལུས་དང་སྒྱུ་ལུས་སུ་གཤེགས་སོང་བའི་དོན་ལ་འགྲེལ་ཐབས་མེད། མདོར་ན་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་ཁག་ནས་སྒྲ་མཐུན་མང་ཡང་དོན་མཐུན་ཡིན་མིན་ལ་ཁྱད་པར་ཆེན་པོ་ཡོད། སྤྱིར་བཏང་ཉམས་ལེན་པ་རྣམས་ཀྱིས་བོན་ཉམས་སུ་ལེན་སྟངས་ཀྱི་ཆ་ནས་མདོ་སྔགས་སེམས་གསུམ་གྱི་ལྟ་བའི་གནད་ཀ་གང་ལ་ཁེལ་མིན་གྱི་ཁྱད་པར་ཡོད་ཆོག ཞི་ལྷག་ཙམ་ལ་བརྟན་པ་ཐོབ་པའི་རྣལ་འབྱོར་བ་ཡང་སྐུ་ཞི་བར་གཤེགས་ཚེ་ཐུགས་དམ་དུ་བཞུགས་པ་དང་། དྲོད་རྟགས་ཅི་རིགས་འབྱུང་བ་ཡོད་ཆོག་པར་སེམས།།