སྟོན་པས་བོན་མི་འགྱུར་བའི་རྟགས་ལྔ་བཞག་ཅེས་པ་དེ་རྣམས་གང་དང་གང་ཡིན།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། མཆོག་རྒྱལ།
དྲི་བ། སྟོན་པས་བོན་མི་འགྱུར་བའི་རྟགས་ལྔ་བཞག་ཅེས་པ་དེ་རྣམས་གང་དང་གང་ཡིན།
ལན། མཛོད་སྒོ་སྒྲ་འགྲེལ་ལས། དགུན་གྱི་རྒྱལ་མོ་བསེན་དུ་བཟུང་ནས་གངས་དཀར་པོ་དབྱར་མི་འཇུ་བ་གཡུང་དྲུང་བོན་དུས་གསུམ་དུ་མི་འགྱུར་བའི་རྟགས་སུ་བཞག
དབྱར་གྱི་རྒྱལ་མོ་བསེན་དུ་བཟུང་ནས་རྒྱ་མཚོའི་འབྲི་མིག་དང་ཆུ་མིག་གི་རྡོ་དགུན་མི་འཁྱག་པ་གཡུང་དྲུང་བོན་དུས་གསུམ་དུ་མི་འགྱུར་བའི་རྟགས་སུ་བཞག
ཤིང་ཤུག་པ་ལ་ཞལ་གྱི་ངད་པ་ཧ་བྱས་པས་ཤིང་ལ་བདུད་རྩི་ཆགས་ཏེ་ཤུག་པ་དབྱར་སྔོ་དགུན་དུ་སྔོ་ཡིན་པ། དབྱར་རློན་དགུན་དུ་རློན་པ་གཡུང་དྲུང་བོན་དུས་གསུམ་དུ་མི་འགྱུར་བའི་རྟགས་སུ་བཞག
མཚེ་ལ་ལྗགས་ཀྱི་མཆིལ་མ་བཏབ་པས་བདུད་རྩི་ཆགས་ཏེ་མཚེ་དབྱར་སྔོ་དགུན་དུ་སྔོ་དང་། དབྱར་རློན་དགུན་དུ་རློན་པ་གཡུང་དྲུང་བོན་དུས་གསུམ་དུ་མི་འགྱུར་བའི་རྟགས་སུ་བཞག
གཤེན་རབ་ཀྱི་རྫུ་འཕྲུལ་གྱིས་གཡུ་བྱ་ཁུ་བྱུག་ཏུ་སྤྲུལ་པས་བོན་པོ་གོས་ལག་སྔོན་པོ་བྱེད་པ་ཡང་གཡུང་དྲུང་བོན་དུས་གསུམ་དུ་མི་འགྱུར་བའི་རྟགས་སུ་བཞག་གོ །ཞེས་གསུངས་པ་ལྟར་ཡིན་ནོ།། །།