གཙུག་ལག་སྲིད་པའི་བུ་བཞི་རྣམས་གང་དང་གང་ཡིན་ནམ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། བོན་བུ་མོ་ལ་དགའ།
དྲི་བ། “སྟོན་པ་འདས་ཀྱང་བསྟན་པ་མི་ནུབ་ཕྱིར། །ལོག་པ་འདུལ་ཕྱིར་རྒྱལ་བའི་སྲས་བཞི་བཞག” །ཅེས་དང་། “གཙུག་ལག་བུ་བཞི་གཡུང་དྲུང་བོན་དུ་ངེས།” །ཞེས་སོགས་གསུངས་པའི་རྒྱལ་བའི་སྲས་བཞིའམ་གཙུག་ལག་བུ་བཞི་དེ་རྣམས་རེ་རེ་ནས་འཇོག་རོགས།
ལན། སྤྱིར་གཙུག་ལག་སྲིད་པའི་བུ་བཞི་དེ་སྨན་དང་། གཏོ། རྩིས། ཆོས་བཞི་ལ་གསུངས་མཁན་ཁག་གཅིག་དང་། ཡང་དེ་རྣམས་ཀྱི་སྟོན་པའམ་མི་ཡུལ་དུ་འདྲེན་མཁན་གྱི་དཔོན་གསས་ཏེ། སྟོན་པའི་སྲས་དཔྱད་བུ་ཁྲི་ཤེས་དང་། སྲས་གཏོ་བུ་འབུམ་སངས། རྒྱ་ཀོང་ཙེ་འཕྲུལ་རྒྱལ། ཤཀྱ་ཐུབ་པ་དང་བཞི་རུ་འདོད་མཁན་བཅས་ཡོད་པར་སྙམ། དེ་དག་ལས་ཡོངས་གྲགས་དཔྱད་གཞིའི་ཡིག་ཆ་ཁག་ལ་གཞིག་ན་གོང་སྨྲས་གཏོ་རྩིས་སྨན་ཆོས་བཞིའི་དཔོན་གསས་རྣམས་ལ་གོ་དགོས་པར་སྣང་སྟེ།
དེ་ཡང་། བླ་ཆེན་དྲན་པ་ནམ་མཁས་མཛད་པའི་(གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་པོ་ཆེའི་གླིང་གྲགས།) ལས། “དེ་ཡང་སྟོན་པ་འདས་ཀྱང་བསྟན་པ་མི་ནུབ་པའི་ཕྱིར། འདིར་གཙུག་ལག་སྲིད་པའི་བུ་བཞིས་སྤྲུལ་ལུགས་བསྟན་ཏེ། ཉེ་ལོ་སྔ་སངས་པོ་དང་ཆུ་ལྕམ་གཉིས་ཀྱི་སྲས། སྲིད་རྗེ་འབྲང་དཀར་དང་ལྷ་ཟ་གང་བྲག་མ་གཉིས་ལས། སྲིད་པའི་ཁམས་སུམ་ཅུ་རྩ་དྲུག་ཅེས་བྱ་སྟེ། ལྕམ་དྲལ་སུམ་ཅུ་རྩ་དྲུག་འཁྲུངས་པའི་མཐའ་ཆུང་སྲིད་པའི་བུ་ལོག་པ་ཅན་དང་སྲིད་ལྕམ་བྱུར་མ་གཉིས་སྡིག་པ་ནང་འཚོས་པ་ལས། མུན་པ་ཟེར་ལྡན་ནག་པོ་སྤྲུལ་པ་ཞུགས་ཏེ། དུག་གི་རྐྱལ་བ་ཁ་མེད་ཅིག་བྱུང་བའི་ནང་ནས་བདུད་རམ་པ་དུག་འགྱེད་དང་། འགྲན་དེ་ཡ་བོ་དང་། འཁོར་བ་གཏིང་ནག་དང་། ང་མིན་ཆོས་པོ་དང་བཞི་བྱུང་ངོ་། །
དུས་དེར་བདུད་རམ་པ་དུག་འགྱེད་ཀྱིས་དུག་གི་ལས་བྱས་ཏེ། སེམས་ཅན་རྣམས་ལ་ནད་ཀྱི་བར་ཆད་བཏང་བ་ལ། སྟོན་པའི་སྲས་དཔྱད་བུ་ཁྲི་ཤེས་སུ་སྤྲུལ་ཏེ། ཕྱི་ནང་གི་དུག་རྣམས་སྨན་གྱིས་བཏུལ་ནས་ཐམས་ཅད་བདེ་བ་ལ་བཀོད་པར་མཛད།
ཡང་བདུད་འགྲན་དེ་ཡ་བོས་བདུད་སྲིན་ཕོ་མོ་རྣམས་གཡབ་ཀྱིས་བཏབ། ཕྱ་གཉེན་གྱིས་གཟུང་པ་བཀྱེས་ནས། སེམས་ཅན་རྣམས་ལ་བགེགས་ཀྱིས་བར་ཆད་བཏང་བ་ལ། སྟོན་པས་སྲས་གཏོ་བུ་འབུམ་སངས་སུ་སྤྲུལ་ཏེ། གཏོ་ཡིས་བགེགས་ཀྱི་བར་ཆད་བསལ་ནས་ཕན་པར་མཛད་དོ། །
ཡང་བདུད་འཁོར་བ་གཏིང་ནག་གིས། འབྱུང་བའི་བདུད་བཞི་ཟད་བཀུག་ནས། ཀེགས་ཕབ་བར་ཆོད་བཏང་བ་ལ། འཕྲུལ་གྱི་ཧ་ཤང་རྒྱ་ཀོང་ཙེ་སྤྲུལ་ཏེ། གབ་ཙེ་སུམ་བརྒྱ་དྲུག་ཅུ་གཏན་ལ་ཕབ་ནས། རྩིས་ཀྱིས་སེམས་ཅན་བདེ་བ་ལ་བཀོད་པར་མཛད་དོ། །
“ཡང་བདུད་ང་མིན་ཆོས་པོ་ཞེས་བྱ་བ་དེས། རྡོ་རྗེ་རྩེ་ཆག་གཅིག་དང་དྲིལ་བུ་རྩེ་དུམ་གཅིག་ལག་ན་ཐོགས། མི་ལྤག་གི་གཡང་གཞི་ནི་གོན། ཁ་ནས་ངས་ནི་ཆོས་བྱེད་པ་ཡིན། གཡུང་དྲུང་གི་བོན་ནི་རྫུན་ཡིན་ཟེར། བོན་གྱིས་སངས་རྒྱས་ཟེར་བ་ནི་བསླུ་བྲིད་ཡིན། དེ་བས་སེམས་ཅན་ཐམས་ཅད་ཀྱིས་ཆོས་བྱེད་དགོས་པས། དུས་བཟང་དགུ་ལ་སངས་རྒྱས་བསྒྲུབ་པའི་ཐབས་ང་ལ་ཡོད་པས། ག་ལ་བ་དེར་འདོང་ཅིག་ཟེར་ནས། ཁོའི་སྒྲུབ་ཁང་ནག་ལ་གཏིང་ཟབ་པ་ཞིག་ཏུ་འཁོད་དེ་སེམས་ཅན་གང་འདུན་པ་རྣམས་ཀྱི་སྲོག་བཅད་ནས་ཤ་ཟོས་ཏེ། ལྤགས་རུས་ཐམས་ཅན་རྐུན་དོང་ནང་དུ་བྲུབ་ནས། ཕུང་པོ་ལྷག་མེད་ལ་སངས་རྒྱས་ཏེ་སོང་ཟེར། འགའ་རེ་ལ་མྱོས་ཆུ་བླུད་ནས་ཞག་དང་ཟ་མར་བཞག་ནས། ཁྱོད་ཀྱི་སྒྲིབ་པ་ཆེ་བས་བྱང་ནས་ད་སྦྱོངས་སུ་ཉེ་ཟེར་ཞིང་། ཡང་སྔར་ལྟར་བྱས་སོ། །དེ་ནས་སྟོན་པ་གཤེན་རབ་ཐུགས་སུ་བསྙུང་སྟེ། ཁོ་བཏུལ་བར་དགོངས་ནས་སྟོན་པས་དྲག་པོ་ཐོག་ཏུ་སྤྲུལ་ཏེ། ཁོས་རྡོ་རྗེའི་བྲག་ཏུ་སྤྲུལ། སྟོན་པས་ཚ་བ་མེ་རུ་སྤྲུལ་དུས། ཁོས་གྲང་བ་ཆུ་རུ་སྤྲུལ། དེ་ལྟར་ཅི་བྱས་ཀྱང་སྔོན་གྱི་ལས་དང་སྨོན་ལམ་གྱིས་ཤིན་ཏུ་ཡང་གདུལ་དཀའ་བར་བྱུང་སྟེ། དེའི་གཉེན་པོ་གང་དུ་འདུག་དགོངས་པས་ང་མིན་ཆོས་པོའི་སྐྱེ་བ་མང་པོའི་གོང་མ་ནས་མངལ་སྐྱེས་ཀྱིས་མི་ཐུལ་པའི་སྨོན་ལམ་དྲག་པོ་བཏབ་ཅིང་། མངལ་སྐྱེས་མ་ཡིན་པ་ཞིག་གིས་འདུལ་དགོས་དགོངས་ནས། སུམ་ཅུ་རྩ་གསུམ་ན་ལྷའི་བུ་དམ་པ་ཏོག་དཀར་པོ་བདོག་པ་ཐུགས་ལ་ཤར་ཏེ། སྟོན་པ་སུམ་ཅུ་རྩ་གསུམ་དུ་བྱོན་ནས། སྟོན་པ་ཉིད་ཀྱིས་ལྷའི་བུ་དམ་པ་ཏོག་དཀར་ལ་འགྲོ་བ་འདུལ་བའི་ལུང་ཕོག་སྟེ། ཞེས་པ་ནས། གཡུང་དྲུང་བོན་གྱི་དོན་གསང་བ་ཁྱད་པར་ཅན་གྱི་ཐབས་བསྟན་པར་བྱ་བ་མི་བསྙེལ་བར་གྱིས་ཤིག ཚུལ་ནི་བདག་འགྲོ་བའི་དོན་ལ་སྤྲུལ་པ་ཇི་བཞིན་ནོ། །ཐབས་ནི་བདག་གིས་ཀྱང་གཡུང་དྲུང་བོན་གསང་བ་ཡང་གསང་གི་དོན་རྣམས་གཏན་ལ་ཕབ་ནས་གནས་དེ་རུ་སྤྲུལ་ཏེ། ཁྱོད་ཀྱིས་དེ་ལས་ཀྱང་རབ་ཏུ་ཆོས་ཞེས་བྱ་བར་སྟོན་ཅིག ཅེས་གསུངས་ནས། སྤྲུལ་པའི་སྲས་དེ་ལ་མངལ་གྱི་དྲི་མས་མ་གོས་ཤིང་མི་བརྗེད་པའི་གཟུངས་ཀྱི་དབང་བསྐུར་ནས་བྱོན་ནོ། །” གསུངས་འདུག་པ་དང་ཡང་། ཀུན་མཁྱེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོའི་བཀའ་དང་བཀའ་བརྟེན་གྱི་རྣམ་བཤད་ལས། “ཤཱཀ་ཐུབ་སོགས་གཙུག་ལག་སྲིད་པའི་སྲས་བཞིས་གསུངས་པ་རྣམས་བཀའ་དང་བཀའ་བརྟེན་གང་ཡིན་ཞེ་ན། དེ་དག་ཕལ་ཆེར་ནི་གསུང་གི་བྱིན་གྱིས་བརླབས་པའི་བཀའ་ཡིན་ལ། འགའ་ཞིག་རྗེས་སུ་གནང་བའི་བཀའ་ལ་ཡང་འདུ་བར་མངོན།” ཞེས་གསུངས་པས་དེས་ན་གཙུག་ལག་སྲིད་པའི་བུ་བཞི་ནི་གོང་སྨྲས་ཀྱི་སྐྱེས་ཆེན་དེ་དག་རྣམས་ཡིན་པར་སེམས་སོ།། །།