སྟོན་པའི་སྐུ་དུས་སུ་བཀའ་ཡིག་ཐོག་ལ་བཀོད་པའམ་བཀའ་བསྡུ་མཛད་པ་སོགས་ཡོད་དམ།
རྩོམ་བྲིས་པ། དགེ་སྨྱུག་མ་འཛིན། དྲི་བ་གཏོང་མཁན། འོད་སྒོང་དཀར་པོ།
དྲི་བ། སྟོན་པའི་སྐུ་དུས་སུ་བཀའ་ཡིག་ཐོག་ལ་བཀོད་པའམ་བཀའ་བསྡུ་མཛད་པ་སོགས་ཡོད་དམ།
ལན། སྟོན་པའི་སྐུ་དུས་སུ་སྒོ་བཞི་མཛོད་ལྔའི་བོན་རྣམས་དཀར་ནག་བཀྲ་གསལ་དུ་བྲིས་ནས་གླེགས་བམ་བཟོས་པའི་སྐོར། མདོ་གཟེར་མིག་ལས། སྐྱེ་འགྲོ་སེམས་ཅན་རྣམས་ཀྱི་དོན་ཆེད་དུ། །པོ་ཏི་གླེགས་བམ་ཡི་གེ་ནག་པོར་བརྩམས། །དུང་ཤོག་དཀར་པོ་ཐུགས་རྗེའི་བྱིན་གྱིས་བརླབས། །གཡུ་ཡི་སྣག་ཚ་སྔོན་པོ་ཡེ་ཤེས་ཐབས་ཀྱིས་སྦྱར། །རིན་ཆེན་སྣ་ལྔའི་པོ་ཏི་གླེགས་བམ་བཅས། །གཡུང་དྲུང་བོན་ལ་རྒྱ་ཆེ་གྲངས་མང་ཡང༌། །སྒོ་བཞི་མཛོད་དང་ལྔ་རུ་ཕྱེས་ནས་བྲིས། །མན་ངག་ལུང་གི་བོན་ནི་ཉུང་ལ་འདུས་པས་ལུང༌། །དཔོན་གསས་སྡེ་རུ་བྲིས་ནས་གསེར་གྱི་གླེགས་བམ་ནང་དུ་བཅུག །སྲིད་པ་རྒྱུད་ཀྱི་བོན་ནི་མང་ལ་འབྲེལ་པས་རྒྱུད། །ཆབ་ནག་སྡེ་རུ་བྲིས་ནས་ལྕགས་ཀྱི་གླེགས་བམ་ནང་དུ་བཅུག །རྒྱས་པ་འབུམ་གྱི་བོན་ནི་དོན་ལ་རྒྱས་ཀྱིན་བསྡུད་པས་འབུམ། །འཕན་ཡུལ་སྡེ་རུ་བྲིས་ནས་ཟངས་ཀྱི་གླེགས་བམ་ནང་དུ་བཅུག །ནག་པོ་སྔགས་ཀྱི་བོན་ནི་དོན་ལ་བསྔགས་པས་སྔགས། །ཆབ་དཀར་སྡེ་རུ་བྲིས་ནས་དངུལ་གྱི་གླེགས་བམ་ནང་དུ་བཅུག སོགས་གསལ་པོར་གསུངས་ཡོད། །