སྒྲ་བསྒྱུར་བོན་གྱི་དཔེ་རྙིང་སྐོར་ལ་དྲི་བ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཞུ་ཚང་བ་སོགས།
དྲི་བ། རྒྱན་དྲུག་མཁས་པ་སོགས་ཀྱིས་སྟག་གཟིགས་ནས་ཞང་ཞུང་གི་སྐད་དང་བོད་ཀྱི་སྐད་སོགས་ལ་བསྒྱུར་བའི་སྟོན་པའི་བཀའ་དང་དེང་སང་མཇལ་ཡུལ་དུ་གྱུར་པའམ་མིན་རུང་བཀའ་ལུང་ཁག་ཏུ་གསལ་བའི་བོན་གྱི་དཔེ་རྙིང་གང་དང་གང་ཞིག་ཡོད། དེ་བཞིན་བོན་གྱི་གནའ་དཔེ་ཆེས་རྙིང་ཤོས་དེ་གང་ལ་ངོས་འཛིན་དགོས་སམ།
ལན། སྤྱིར་བཏང་བོན་གྱི་དཔེ་རྙིང་ལ་སྐྱོན་མ་ཞུགས་པ་ཀླུ་འབུམ་དཀར་ནག་ཁྲ་གསུམ་དེ་ཚོ་ཡིན་ཚུལ་ཞིག་གོ་མྱོང་། དེ་བཞིན་འབུམ་དང་གསང་སྔགས་ཀྱི་བོན་སྡེ་ད་ལྟ་མཇལ་ཡུལ་དུ་གྱུར་པ་འགའ་ནི་ཡོད་འདུག་སྟེ། རྩ་རྒྱུད་ཉི་ཟེར་སྒྲོན་མ་ལས། “བོད་ཀྱི་བོན་པོ་རིག་པ་གསལ་བ་ཁྱུང་པོ་སྟག་སྒྲ་དོན་གཙུག སྙ་ལི་ཤུ་སྟག་རིང་། བྷེ་ཤོད་ཀྲམ། གཅོ་ཁྲི་གཙུག་བཞི་ལ་གསེར་ཕྱེ་འབྲོང་རུ་གང་བསྐུར་ནས་ཞང་ཞུང་ལ་བོན་འཚོལ་བཏང་བས་གཤེན་པོ་དེ་བཞིས་ཞང་ཞུང་གི་མཁས་པ་བཞི་ལ་གཏུགས་ཏེ་གསེར་ཕྱེ་ཕུལ་ནས་བོན་ཞུས་པས། བོན་གྱི་གསང་སྡེ་ཆེན་པོ་བཞི། འབུམ་སྡེ་ཆེན་པོ་ལྔ། ཕྱི་ནང་རྒྱས་བསྡུས་ཀྱི་བོན་སྡེ་མང་པོ་གནང་བ་བསྣམས་ནས་ཞང་ཞུང་ཡུལ་ནས་བོད་ཡུལ་དབུས་སུ་ཕྱིན།” ཞེས་པ་འདི་དག་ལས་འབུམ་ལྔ་དེ་ཚོ་ཡོངས་གྲགས་བྱམས་མ་འབུམ་ལྔ་བུར་གོ་རྒྱུ་ཡིན་ན་བཀའ་དང་བཀའ་བརྟེན་དེ་ཚོའི་ནང་ནས་མང་པོ་ཞིག་མཇལ་ཐུབ་དྲན།
དེ་བཞིན་ད་ལྟ་མཇལ་ཡུལ་དུ་གྱུར་པ་བདལ་འབུམ་ལྟ་བུ་ནི། དེ་ཉིད་ལས། “ཡུལ་བྱེ་མ་གཡུང་དྲུང་དུ་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྱིས་བོད་ཤ་རི་དབུ་ཆེན་ལ་བོན་ཁྲི་སྡེ་བཤད་ཅིང་བསྒྱུར།” ཞེས་གསུངས་པས། སྐབས་དེའི་སྒྱུར་གཞིའི་ཆར་བདལ་འབུམ་ཡང་ཡོད་པར་སྙམ། དེ་དང་འདྲ་བར་སྲིད་པའི་མཛོད་ཕུག་ནི། དེ་ཉིད་ལས། “ ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་བོད་ཤ་རི་དབུ་ཆེན་གཉིས་ཀྱི་ཡུལ་བོད་དང་ཞང་ཞུང་གི་རུ་མཚམས་བྱེ་མ་གཡུང་དྲུང་ཆུ་མིག་བརྒྱད་ཅུ་རྩ་གཉིས་ཀྱི་མགོ་བོར། གཤེན་རབ་མི་བོའི་བཀའ་གཞུང་ལས་བོད་དང་ཞང་ཞུང་གི་ཚིག་གི་ཚོམ་བསྡེབས་ནས་སྣང་སྲིད་གཏན་ལ་ཕབ།” ཞེས་གསུངས་པར་བརྟག་ན་ད་ལྟའི་མཇལ་ཡུལ་དུ་གྱུར་པའི་མཛོད་ཀྱི་བོན་སྡེ་དེ་ཚོ་ཡང་ཡིན་ཆོག་པ་འདུག སྤྱིར་བཏང་བོད་ཀྱི་ལོ་རྒྱུས་སྨྲ་བ་ཚོས་རྒྱུ་བོན་སྐོར་དེ་དག་གཉའ་ཁྲིའི་སྐབས་ནས་བསྒྱུར་བར་བཤད་སྲོལ་དང་དེ་དག་གང་ལ་ངོས་འཛིན་དགོས་མིན་སྐོར་༧སྨྲ་དབང་ཡོངས་འཛིན་ཆེན་མོའི་འབེལ་གཏམ་ལུང་སྙིང་ལས། “རྒྱུ་བོན་བཅུ་གཉིས་བོད་སྐད་དུ་ཞང་ཞུང་གི་སྐད་ལས་གཉའ་ཁྲིའི་དུས་སུ་བསྒྱུར་བ་བོད་ཀྱི་ལོ་རྒྱུས་སྨྲ་བ་ཕལ་ཆེ་བས་བཤད། ” ཅེས་སོགས་ཀྱིས་མཚོན་གོང་སྨྲས་ཀྱི་གཞུང་དེ་དག་དང་དེ་བཞིན་བོན་དཔེ་གྲགས་ཆེན་ཚོའི་མཇུག་བྱང་དང་གླེང་གཞི་སོགས་ལ་གཟིགས་ན་ཅུང་རྙེད་རྒྱུ་ཡོད་ས་འདུག་སྙམ།།