ཤེལ་ལེ་རྒྱ་སྐར་ཞེས་པའི་སྐོར་ལ་དྲི་བ།
བཀའ་དྲི་གནང་མཁན། གཟེར་བུ། ལན་འབུལ་མཁན། རྩོམ་སྒྲིག་པ།
དྲི་བ། “ སྨད་ཀྱི་ཤེལ་ལེ་རྒྱ་སྐར ” གྱི་ཤེལ་ལེ་ཞེས་པའི་ཐ་སྙད་འདི་ཞང་བོད་གང་གི་སྐད་ཡིན་མིན་དང་། གོ་དོན་གང་འདྲ་ཡོད་མེད། དག་ཆར་ “ ཤེ་ལེ ” དང་ “ ཤེལ་ལེ ” གང་འབྲི་དགོས་མིན་དང་། ཡང་ “ རྒྱ་སྐར ” ཞེས་པའི་ཐ་སྙད་འདི་རི་འདིའི་རྒྱ་མཐོངས་སམ་ཨི་ཁུང་ལ་ལྟོས་ནས་ “ རྒྱ་སྐར་ ” ཞེས་མིང་བཏགས་པ་ཡིན་ནམ། ཡང་ན་འདིའི་གོ་དོན་གང་ཡིན་སྐོར་ནས་དྲི་ལན་སྐྱོངས་རོགས།
ལན། འདི་ཚོའི་སྐོར་དེར་དེ་སྔོན་གུས་པས་ཀྱང་དོ་སྣང་ཅུང་ཙམ་བྱས་མྱོངས། དེ་སྔོན་རྩེ་དྲུག་གནས་ཀྱི་ངོ་སྤྲོད་ཐུང་ངུ་པར་རིས་སྦྲགས་མ་ཞིག་ནང་གནས་འདིར་ཤེལ་ལེ་རྒྱ་སྐར་ཞེས་བཏགས་པ་ནི་རི་ཡི་རྒྱུ་ཆ་སྨན་ཅོང་ཞི་ལས་གྲུབ་པ་དང་། མདོག་བྲག་དཀར་ཟླ་ཤེལ་ལྟ་བུ་ཡིན་པ་སོགས་བོན་གྱི་དཔེ་ཆ་གཡུང་དྲུང་ལས་དག་ནང་གསལ་ཡོད་ཚུལ་ཞིག་བྲིས་འདུག་ཀྱང་། སྐབས་དེར་གཡུང་དྲུང་ལས་དག་དབུ་མཇུག་བར་གསུམ་ལ་བཙལ་ཡང་དེ་འདྲའི་སྐོར་རྙེད་མ་སོང་། གཅིག་བྱས་ན་དཔར་དཔེ་མི་འདྲ་བ་ཡོད་སྲིད། ང་ལ་ཡོད་པ་ནི་ལྷ་སྲས་དཔར་མའི་ཅན་དེ་རེད།
འདིའི་སྐོར་ཡིག་ཐོག་ཏུ་ཁ་གསལ་ཡོད་དགོས་པ་ནི་ཕྱིས་བྱུང་བླ་མ་རྣམས་ཀྱི་རྩེ་དྲུག་གནས་ཀྱི་མཇལ་སྣང་དང་གནས་ཡིག་ཁག་ཡིན་ནའང་། གུས་པས་དེ་སྔོན་མཇལ་བའི་གནས་ཡིག་སོགས་དཔེར་ན། << སྤྲུལ་སྐུ་ནམ་མཁའ་རིན་ཆེན་གྱི་སྙན་རྒྱུད་ཤེལ་ལེ་རྒྱ་སྐར་གྱི་རྣམ་ཐར། >> << རྩེ་དྲུག་གནས་ཀྱི་དཀར་ཆག་ལུང་བསྟན་ཡང་ཏིག་མཁའ་གསལ་ཉི་མའི་ཟེར་ཆེན། >> << རྩེ་དྲུག་གནས་ཀྱི་ཡོན་ཏན་ལོ་རྒྱུས་གསལ་བའི་སྒྲོན་མེ་པད་འབྱུང་ནམ་མཁའ་རིན་ཆེན་གྱི་སྙན་རྒྱུད། >> << རྩེ་དྲུག་གནས་བཤད། >> << རྩེ་དྲུག་བསང་མཆོད། >> ཞུ་བ་དེ་ཚོའི་ནང་ཤེལ་ལེ་དང་རྒྱ་སྐར་ཞེས་པའི་གོ་དོན་ཁ་གསལ་བྲིས་པ་མ་མཇལ།
འདིར་དེ་ཚོའི་གོ་དོན་མ་གླེང་སྔོན་ཤེལ་ལེ་རྫོང་ཕུག ཤེལ་ལེ་རྫོང་དྲུག ཤེལ་ལེ་རྒྱ་གར། ཤེལ་ལེ་རྒྱ་དཀར། ཤེལ་ལེ་རྒྱ་སྐར་ཟེར་བ་འདི་ཚོ་ཇི་ལྟར་ཡིན་མིན་སྐོར་ངེས་པར་བསམ་གཞིག་བྱ་དགོས་འདུག་སྙམ། ལྷག་དོན་བོན་གྱི་ལོ་རྒྱུས་ཁག་ཏུ་ཤེལ་ལེ་རྫོང་ཕུག་དང་ཤེལ་ལེ་རྫོང་དྲུག་ཟེར་བ་འདི་གཉིས་ཡང་ཡང་ཐོན་ཡོད།
འདི་སྐབས་ “ ཤེལ་ལེ་རྫོང་ཕུག་ ” ཅེས་པ་ནི་སྟོད་ཁྱུང་ལུང་དངུལ་མཁར་གྱི་ཕྱོགས་ཏེ་རྒྱུང་ཡར་ཁོད་སྤུངས་སྐུ་བལྟམས་སའི་གནས་ཏེ་ཡིན་པ་ནི། བོན་གྱི་གལ་ཆེའི་ཡིག་རྙིང་གསང་ཐིས་ཐིག་ལེའི་བཀོད་པ་དང་། རྒྱུང་ཡར་ཁོད་སྤུངས་ཀྱི་རྣམ་ཐར། དེ་བཞིན་རྗེ་རིན་པོ་ཆེ་དང་འགྲོ་མགོན་སོགས་ཀྱི་མཛོད་འགྲེལ་ཀུན་དང་མཐུན་པ། དཔེར་ན། རྒྱུང་ཡར་ཁོད་སྤུངས་ཀྱི་རྣམ་ཐར་ལས། “ ཁྱུང་པོའི་ཡུལ་གྲོང་ཁྱེར་བདེ་ལྡན་འོད་འཕྲོ་མཁར་ཤེལ་ལེ་རྫོང་ཕུག ” ཅེས་དང་། དེ་བཞིན་གསང་ཐིས་དང་མཛོད་འགྲེལ་སོགས་མཐུན་པ། “ རེས་ཤིག་རྒུང་ཟླ་ངོ་དགུ་ན། མཁར་ཤེལ་ལེ་རྫོང་ཕུག་གི་ཁ་ལ། བྱ་རྒྱལ་ཁུ་བྱུག་ཅིག་བབས་ཏེ། ཁུ་བྱུག་སྐད་ཐེབས་གསུམ་བསྒྲགས་པས། གོ་བ་རྣམ་པ་གསུམ་བྱུང་སྟེ། ” ཞེས་པ་འདི་དག་གིས་ཤེས་ནུས།
དེ་བཞིན་ “ ཤེལ་ལེ་རྫོང་དྲུག་ ” ཅེས་པའི་སྐོར་ཁྱུང་རབས་དེ་ཚོ་ལས་མང་པོ་བྱུང་བ་དཔེར་ན། “ སུམ་གླང་གྱིམ་ཤོད་རྔུལ་རྫའི་གནས། །ཁྱད་འཕགས་ཤེལ་ལེ་རྫོང་དྲུག་མདུན། །གསེར་ཉ་མཚོ་འཁྱིལ་སྟེང་ཆེན་ལ། །ཁྱུང་པོ་ཆགས་པའི་གདན་ས་ཡོད། ། ” ཅེས་པ་ལྟ་བུ་དང་། དེ་བཞིན་བསྟན་འབྱུང་ཀེ་ཏ་ཀ་ཡི་དོ་ཤལ་ལས། “ སྟེང་ཕྱོགས་ཀྱི་སྟོན་པ་ཀུན་བཟང་འོད་ཀྱི་རྒྱལ་པོ་དེ་ཉིད་འགྲོ་བའི་དོན་དུ་ཁྱུང་ཕོ་ཆེན་པོ་ཞིག་སྤྲུལ་ནས་གྱིམ་ཤོད་ཤེལ་ལེ་རྫོང་དྲུག་གི་རྩེ་མོར་བབས། ” ཅེས་པ་འདི་ཚོ་ཡིན།
འདི་སྐབས་ཁྱུང་པོའི་གདན་ས་ཆགས་སའི་ཉེ་འཁོར་དང་ཀུན་བཟང་གི་སྤྲུལ་པ་བྱ་ཁྱུང་བབས་སའི་ཤེལ་ལེ་རྫོང་དྲུག་དེ་ད་ལྟའི་མཇལ་ཡུལ་དུ་གྱུར་པའི་ཁྱུང་པོ་རི་རྩེ་དྲུག་འདི་ཡིན་ན། དེར་རྫོང་དྲུག་ཅེས་གསུངས་པའི་དོན་ཏག་ཏག་ཅིག་མ་གོ། རྩེ་དྲུག་གནས་ཀྱི་དཀར་ཆག་དང་སྙན་རྒྱུད་ལོ་རྒྱུས་དེ་ཚོར་ལྟ་ན་གནས་དེའི་རི་རྩེ་དྲུག་དེར་ཕྱི་ནང་གསང་གསུམ་དང་སྦྱར་ཏེ་གཙོ་བོ་ཕར་ཕྱིན་དྲུག་སོགས་མཚོན་པར་གསུངས་པ་ལས་རྫོང་གི་ཐ་སྙད་མ་བྱུང་། གཅིག་བྱས་ན་ཡིག་རྙིང་དུ་འཁོད་པའི་གོང་ཞུས་ཤེལ་ལེ་རྫོང་ཕུག་ཅེས་པ་དེ་ཚོ་ཐོག་མར་མིང་གཡར་ནས་ཕྱིས་རྒྱུན་འབྱམས་སོང་སྟེ་རྩེ་དྲུག་དེ་རྫོང་དྲུག་ཆགས་པ་ཡང་ཡིན་སྲིད།
གཞན་ “ ཤེལ་ལེ་རྒྱ་གར་ ” ཞེས་པ་འདི་ནི་ཕྱིས་སུ་བན་ཕྱོགས་ཀྱི་གླེང་སྟངས་ཞིག་ཡིན་པ་ནི། སྐབས་ཞིག་ལ་ཆོས་པའི་ལོ་རྒྱུས་ཁག་ནང་རྒྱ་གར་ཞེས་པའི་ཐ་སྙད་འདི་གང་མང་མང་སྦྱར་ཐུབ་ན་ལོ་རྒྱུས་དང་བསྟན་བཅོས་དེ་ཚོ་རིན་ཐང་ཆེ་བ་དང་འགྲོ་རྒྱུག་ཀྱང་གང་འཚམས་ཡོང་གི་ཡོད་པས་རེད། འདིར་དཔེར་མཚོན་ཞིག་དྲངས་ན། རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ་ལས། “ རུ་དཔོན་གྱིས་སུམ་ཅུ་པ་རླངས་ཡུལ་གྱིམ་ཤོད་བྲག་ཤེལ་ལེ་རྒྱ་གར་གྱི་རྟ་ཤོད་ལུང་དམར་བཟུང་། ” ཞེས་སྐབས་དེར་རླངས་ཀྱི་རུས་རྒྱུད་དང་ཡུལ་དཔོན་གྱིས་ལྷོ་སྟོད་ཤོད་ཆེན་བཅོ་བརྒྱད་བཟུང་པའི་ལོ་རྒྱུས་གླེང་ཡོད་པ་འདི་ཙམ་གྱིས་ཤེས་ནུས།
ཡང་ “ ཤེལ་ལེ་རྒྱ་དཀར་ ” ཟེར་བ་འདི་གསང་སྔགས་རྫོང་འཕྲང་སོགས་ནས་བྱུང་ཡང་། སྐབས་འགར་རྒྱ་ཀར་ཡང་བྲིས་འདུག་པས་ཕལ་ཆེར་དག་ནོར་དང་བྲིས་ནོར་ཤོར་ཡོད་སྲིད།
དེ་མིན་ “ བྲག་ཤེལ་ལེ་རྒྱ་སྐར་ ” ཟེར་བ་དཔེར་ན་གླེང་གཞི་བསྟན་པའི་འབྱུང་ཁུངས་ལས། “ དམའ་སུམ་པ་གླིང་གི་གྱིམ་ཤོད་ནས་བྲག་ཤེལ་ལེ་རྒྱ་སྐར་ཡན། ” ཞེས་པ་ལྟ་བུ་ཡང་ཐོན་ཡོད།
ད་ནི་འདིར་གོང་གི་བཀའ་དྲི་འབྲེལ་ཏེ་ “ ཤེལ་ལེ་ ” ཞེས་པ་ཞང་བོད་གང་གི་སྐད་ཡིན་མིན་དེར་ཅུང་ཞིག་མོལ་བར་འདོད། ཡོངས་གྲགས་བོད་སྐད་དུ་ཤེལ་ཟེར་དུས་རིན་པོ་ཆེ་མན་ཤེལ་དང་། ཡང་ན་ཁ་དོག་དཀར་ལ་རྒྱུ་དངས་པའི་རིགས་ལ་ཤེལ་དང་མཚུངས་བསྡུར་བྱེད་སྲོལ་ཡོད་པ་བཞིན་རྩེ་དྲུག་གནས་རི་འདི་ཉིད་ཀྱི་བྲག་རི་རྣམས་དཀར་ཞིང་དངས་བ་དང་། ཅི་སྟེ་རི་བྲག་དེ་ཚོའི་རྒྱུ་ཆ་ཡང་ཅོང་ཞི་དཀར་པོ་ཡིན་ཚེ་ཁ་དོག་དང་རྒྱུ་གང་གི་ཆ་ནས་ཤེལ་དང་མཚུངས་པས་ “ ཤེལ་ལེ་ ” ཞེས་བཏགས་པ་ཡིན་ཆོག་མོད། གལ་ཏེ་དེ་ལྟར་ཡིན་ཚེ་བོད་ཀྱི་ཐ་སྙད་བཀོལ་སྟངས་བྱས་ན་ཁ་དོག་གི་ཆ་ནས་རིན་ཆེན་རིགས་ཀྱི་མིང་བརྡ་རི་ཆུ་ཀླུང་ཐང་སོགས་ལ་སྦྱར་ཚེ། དཔེར་ན། ཤེལ་བྲག་དང་ཤེལ་གྱི་བྲག་དཀར། གཡུ་གཤོང་དང་གཡུ་ལུང་། གསེར་རི་དང་གསེར་ཐང་། གསེར་མཚོ་དང་གཡུ་མཚོ་ལྟ་བུའི་ཚིག་བེད་སྤྱོད་པ་ལས་མདོག་དཀར་པོའི་རི་ཀླུང་ལ་ཤེལ་ལེ་དང་། སྔོན་པོ་གཡུ་ལེ། གསེར་མདོག་ལ་གསེར་རེའམ་སེར་ལེ་ལྟ་བུར་སྦྱར་སྲོལ་མེད། དེས་ན་འདིར་གསལ་ “ ཤེལ་ལེ་ ” ཞེས་པ་འདི་རང་རེའི་བོན་གྱི་དཔེ་རྙིང་དེ་ཚོའི་ནང་ཡང་ཡང་གསལ་ཡོད་སྟབས། ང་ཚོས་ཀྱང་དེ་འབྲེལ་བསམ་གཞིག་གཞན་ཞིག་བྱ་དགོས་འབྱུང་གི་ཡོད།
བོན་གྱི་དཔེ་རྙིང་འདུར་རྒྱུད་ཕྱ་བ་ཐང་ཆེན་ལས། ཞང་ཞུང་གི་མི་དཔོན་བླ་རབས་འགའ་ཡི་མཚན་སྨྲོས་སྐབས། དེ་ཉིད་ལས། “ ཁྱུང་ཚ་སྨར་ཉག་སྲས་ལ་ནི། །ཤེ་ལེ་ (ཤེལ་ལེ་མིན་ནམ་སྙམ) དག་པ་ལེགས་དང་སྙ། །གཅེན་ནི་ཤེ་ལེ་དག་པའི་སྲས། །རྒྱལ་ནི་ཤེལ་ལེ་གྲ་ཙེ་སྟེ། །དེ་སྲས་སྤུང་དང་ཟུ་ཙེ་སྟེ། །ཞང་ཞུང་ཕུག་པའི་སྲིད་པར་སོང་། ། ” ཞེས། ཞང་བོད་ལོ་རྒྱུས་ཁག་ཏུ་གསལ་བའི་མི་སྣ་སྟག་སྒྲ་དང་བཙན་སྒྲ། ཁྱུང་སྤུངས་སད། གྱེར་ནམ་ཟུར་ཙེ་ཞུ་བ་དེ་ཚོ་མིན་ནམ་སྙམ་པ་འདི་དག་དང་།
ཡང་ཕྱྭ་གཤེན་དཔྱད་དོན་རྒྱུ་མ་གསེར་འབུམ་ལས་མོ་ཡི་སྐོར་འཆད་སྐབས། དེ་ཉིད་ལས། “ འདི་ལ་ཞང་ཞུང་ཕུ་བས་མཚན་གསོལ་བ། །ཤེལ་ལེ་ངང་ཐུང་རླུང་བེར་བརྒྱག །ཞང་ཞུང་བར་པས་མཚན་གསོལ་བ། །དུ་སང་ལང་ལིང་སྣང་ལེ་བརྒྱག །ཞང་ཞུང་སྒོ་པས་མཚན་གསོལ་བ། །རིང་ཡར་ལ་ཝང་ཤིང་ལོ་བརྒྱག །ཡང་དག་གཤེན་གྱི་མཚན་གསོལ་བ། །རྩེ་ར་དབང་ཐོག་རང་གྲི་བརྒྱག ཅེས་དང་། ཡང་། འདི་ལ་ཞང་ཞུང་ཕུ་པས་མཚན་གསོལ་བ། །ཕྲ་མན་ཤེལ་ལེ་དུ་ནན་བརྒྱག །ཞང་ཞུང་བར་པས་མཚན་གསོལ་བ། །སད་ལ་ངང་ལིང་ཙེ་རལ་ངད་བརྒྱག །ཞང་ཞུང་སྒོ་པས་མཚན་གསོལ་བ། །སད་རང་བཞིན་གསལ་བའི་སྒྲོན་མེ་བརྒྱག །ཡང་དག་གཤེན་གྱི་མཚན་གསོལ་བ། །སད་ལ་ཝང་དཀར་གཏོག་བདུད་ཙ་བརྒྱག ” ཅེས་པ་འདི་ཚོ་དང་།
ཡང་མདོ་སྐལ་བཟང་སོགས་སུ་སངས་རྒྱས་སྟོང་གི་མཚན་བརྗོད་སྐབས་དཔེར་ན། “ ཡབ་ནི་རྒྱུང་ནེ་ཤེལ་ལེ་ལགས། ” ཅེས་པ་དང་། “ ཡུམ་ནི་རྒྱུང་ལྕམ་ཤེལ་ལེ་མ། ” ལྟ་བུའི་ཤེལ་ལེ་ཞེས་པའི་ཐ་སྙད་འདི་གནའ་རབས་ནས་བེད་སྤྱད་པ་མང་པོ་མཐོང་རྒྱུ་ཡོད།
དེ་དང་འདྲ་བར་ཞང་ཞུང་ཡུལ་གྱི་གངས་རི་མཚོ་གསུམ་འཆད་སྐབས་ཀྱང་ཐ་སྙད་འདི་བྱུང་ཡོད་དེ། མཐའ་བཞི་གཤེན་རྒྱུད་ཀྱི་རྣམ་ཐར་ལས། “ དང་པོ་ཅི་ཡང་མེད་པ་ལས། ཡེ་སྲིད་འཕྲུལ་གྱི་རྒྱལ་པོའི་སྤྲུལ་པ་ལས། དུང་གི་སེར་བ་བདུན་ནམ་མཁའ་ལས་གངས་ཤེལ་ལེ་གུར་ཆུང་གི་སྟེང་དུ་གཡས་སུ་དྲུག་བབས་པ་ལས། ” ཞེས་དང་། ཡང་དེ་ཉིད་ལས། “ ཞང་ཞུང་སྐད་དུ། དུ་རྣིལ་པ་རི་རྦིང་གྱི་བགྱི། བོད་སྐད་དུ། གངས་ཤེལ་ལེ་གུར་ཆུང་དང་། སྟག་སྒོ་ནི་བླ་རི་ལགས། ཞང་ཞུང་སྐད་དུ། ཏིང་མུ་དབྱེ་ཞི། ཞེས་བྱ་བ། བོད་སྐད་དུ་མཚོ་དྭང་ར་ནི་བླ་མཚོ་ལགས་སོ།། ” ཞེས་པ་སོགས་དང་།
དེ་དང་མཚུངས་པར་” ཤེལ་ལེ་ ” ཞེས་པ་འདི་གོ་བ་གཞན་ཞིག་ལེན་རྒྱུ་ཡོད་པ་ནི། མདོ་ཀ་བ་གླིང་དགུ་ལས། “ ཕྱི་དང་ནང་གི་མཆོད་པ་ཆ་མང་པོ་བཤམས་སོ། །རིན་པོ་ཆེ་འོད་སྣ་ཚོགས་དང་ལྡན་པ་ཡིས། གཡུང་དྲུང་གི་ཧོས་ཁང་ཕུབས་སོ། །ཤར་ཕྱོགས་འཕར་པོ་དུང་ལ་བྱས་སོ། །ལྷོ་ཕྱོགས་གྲམ་པོ་གཡུ་ལ་བྱས་སོ། །ནུབ་ཕྱོགས་རིན་ཆེན་ཟོམ་ཤང་ལྕགས་ལ་བྱས་སོ། །བྱང་ཕྱོགས་ཤེལ་ལེ་ཟངས་ལ་བྱས་སོ། །དབུས་རིན་པོ་ཆེ་འབར་བ་ལ་བྱས་སོ། དབུ་རྩེ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་བྱས་སོ། ། ” ཞེས་གསུངས་པ་འདི་དག་ཡིན། འདི་སྐབས་འཕར་པོ་དང་། གྲམ་པོ། ཟོམ་ཤང་། ཤེལ་ལེ། ཟེར་བ་འདི་ཚོ་རིམ་བཞིན་དུང་དང་། གཡུ། ལྕགས། ཟངས་སོགས་ཀྱི་རྒྱན་ཚིག་གམ་ཡང་ན་ཚིག་འདྲ་ཤ་སྟག་ཏུ་བཀོལ་ཡོད་པ་འདིར་བསམ་གཞིག་བྱ་ས་ཞིག་ཀྱང་ཡོད་པ་དང་། མདོར་ན་འདི་ཚོ་དང་གོང་གི་ “ ཤེལ་ལེ་རྒྱ་སྐར་ ” གྱི་ “ ཤེལ་ལེ་ ” དང་ཕན་ཚུན་ཏན་ཏན་འབྲེལ་བ་ཡོད་བསྡད་པ་ཞིག་ནི་རེད་འདུག་སྙམ།
དེ་མིན་ཚིག་འདི་ཞང་སྐད་ཡིན་མིན་ཐད་བསམ་གཞིག་བྱ་ས་འདི་དག་ཡོད་དེ། ཞང་ཞུང་གི་ལྷ་སྲུང་ལས་འཕྲོས་པའི་གེ་ཁོད་དང་མེ་རིའི་གཞུང་དེ་ཚོའི་ནང་ “ ཤེལ་ཝེར་ ” དང་ “ ཤེལ་གྱེར། ” “ ཤེལ་རྒྱུང་ ” དང་ “ ཤེལ་རུ། ” ཟེར་བ་མང་དག་ཅིག་ཡོད་ལ། བདེན་པ་བོན་གྱི་མཛོད་ཕུག་དང་། དེ་བཞིན་ཞང་བོད་སྐད་གཉིས་ཤན་སྦྱར་གྱི་བོན་དཔེ་མང་པོའི་ནང་། ཞང་སྐད་དུ་ “ ཤེལ་ ” ཞེས་པ་ལ་གོ་བ་གཉིས་ཏེ། བསྟན་པ་དང་། གསལ་བ། ཞེས་པའི་དོན་ཡིན།
དེ་ཚོ་དང་མཐུན་པར་ཕྱིས་བྱུང་མཁས་པ་ཚོས་བསྒྲིགས་པའི་ཞང་བོད་ཚིག་མཛོད། དཔེར་ན། << སྒྲ་ཡི་དོན་བསྡེབས་སྣང་གསལ་སྒྲོན་མེ་ >> དང་། << ཞང་བོད་ཀྱི་སྐད་གཉིས་ཤན་སྦྱར་སྒྲ་ཡི་རྟོགས་བརྗོད། >> << ཞང་བོད་སྐད་དོད་ཉུང་བསྡུས། >> << On Zhang-Zhung ཞང་ཞུང་སྐོར། >> << A Lexicon of Zhangzhung and Bonpo Terms ཞང་ཞུང་དང་བོན་གྱི་ཐ་སྙད་ཚིག་མཛོད། >> སོགས་ནས་ཀྱང་གསལ། ཐ་སྙད་ཤེལ་དང་འབྲེལ་བའི་ཞང་སྐད་གཞན་ཏེ། “ ཅུ་ཤེལ་ ” ཞེས་པ་ནི། བཅུད་བསྟན་པ། “ ཤེལ་ནི་ ” ཞེས་པ་ནི། བསྟན་པ་དང་གསལ་བའི་ལས་ཚིག་ཡིན། “ ཤེལ་ཞི་ ” ཞེས་པ་ནི། གསལ་བའང་དངས་བའི་དོན་དང་། “ ཤེལ་ཞིན་ ” ནི་བསྟན་འཛིན་ཞེས་པའི་དོན་ཡིན།
གོང་སྨྲས་ཞང་སྐད་འདི་དག་གི་ཟུར་ཆག་ད་ལྟའི་ཆར་སྤྱི་ཚོགས་ནང་བེད་སྤྱོད་བཞིན་ཡོད་པ་ནི། གནའ་སྔོན་ཞང་ཞུང་གི་ཡུལ་སྡེ་ཁུ་ནུ་དང་ཟངས་དཀར་བ་དེ་ཚོས་སྨན་ལ་ “ ཤེལ་ ” ཞེས་འབོད་ཀྱིན་པ་འདི་ཙམ་གྱིས་ཤེས་ནུས། དེ་འབྲེལ་བོད་སྐད་དུ་སྨན་ཟླ་ཤེལ་ལྟ་བུ་ཡིན། འདིའི་སྐོར་ཁོ་བོའི་དེ་སྔོན་རྩོམ་ཡིག་གཞན་དུ་བྲིས་ཟིན་པས་འདིར་བསྐྱར་གླེང་བྱ་རྒྱུ་མིན།
མདོར་ན་གོང་ཞུས། “ ཞང་ཞུང་ཕུ་པས་མཚན་གསོལ་བ། ཕྲ་མན་ཤེལ་ལེ་དུ་ནན་བརྒྱག ” “ །ཞང་ཞུང་སྒོ་པས་མཚན་གསོལ་བ། །སད་རང་བཞིན་གསལ་བའི་སྒྲོན་མེ་བརྒྱག ” །ཅེས་པ་འདི་དག་དང་། མཛོད་ཕུག་དང་ཞང་བོད་སྐད་གཉིས་ཤན་སྦྱར་རྣམས་སུ་ཤེལ་གྱི་གོ་དོན་སོགས་ཕན་ཚུན་མཚུངས་བསྡུར་བྱ་ན། “ ཤེལ་ལེའམ་ཤེལ་ ” ནི་ཞང་སྐད་དེ་གསལ་བའམ་སྒྲིབ་གཡོག་མེད་པ། མཆོག་གྱུར་དང་ཁྱད་ནུས་ལྡན་པ་སོགས་མང་པོ་ཞིག་ཡོད་སྲིད་འདུག་པས་འདིའི་སྐོར་ད་དུང་ཡང་གནའ་དཔེ་དང་རྒན་རབས་ཀྱི་གཏམ་རྒྱུད་སོགས་འཚོལ་སྒྲུབ་ཀྱིས་དཔྱད་པ་གང་མང་ཞིག་གཏོང་འོས་སོ། །
གོང་ཞུས་ཚིག་འོག་མ་ “ རྒྱ་སྐར་ ” ཞེས་པ་ནི་གནས་དེར་ཡོད་པའི་བཀའ་རྟགས་དང་འབྲེལ་བ་ཡོད་པ་ནི། སྐྱབས་སྟོན་ཁྲོ་འགྲེལ་ལས། “ མཐོ་བ་ལྟར་ན་དམའ་ཟེར་ཐང་ཡང་རྨ་ཤེལ་ལེ་ནི་མདོ་སྨད་ན་ཡང་བཤད་ཀྱང་། འདིར་ནི་ལྷོ་སྟོད་ན་ཤོད་ཆེན་པོ་བཅོ་བརྒྱད་ཀྱི་ནང་ཚན་དུ་བཤད་པ། དེ་ལ་སྒྲུབ་ཕུག་སུམ་པ་གླང་གི་གྱིམ་ཤོད་གནམ་སྐར་གྱི་བཀའ་རྟགས་ཡོད་པ་དེ་ཡིན་ནོ། ། ” ཞེས། གནམ་སྐར་ཞེས་གནམ་གྱི་སྐར་མ་མཐོང་བའི་བྲག་ཁུང་ཆེས་ངོ་མཚར་ཅན་དེ་འདྲ་མང་པོ་ཡོད་པས་ཡིན་པའམ། ཡང་ན་འདིར་རྒྱ་སྐར་ཞེས་སྨྲས་པ་ནི་གནས་མཆོག་འདི་ཉིད་ཆེས་མཐོ་བ་སྟེ་གནམ་གྱི་རྒྱ་མཐོངས་དང་མཉམ་པའི་རི་རྩེ་ཡིན་པའི་དོན་ཡིན་ཆོག སྤྱིར་རྒྱ་སྐར་ཞེས་པ་ནི་ནམ་རྒྱུན་རླུང་སེམས་བསྐྱེད་སྒོམ་སྐབས་སུ་དཔེར་ན། རང་གི་རིག་པ་ནི་ཨ་དཀར་པོ་རྒྱ་སྐར་ཤར་བ་ལྟ་བུར་བསམ། ཞེས་པ་སོགས་ཀྱིས་ཤེས་ནུས་སོ།། །།
ཞེས་བོན་གྱི་གནས་ཆེན་ཁྱུང་པོ་རི་རྩེ་དྲུག་གི་ཤེལ་ལེ་རྒྱ་སྐར་དང་འབྲེལ་བའི་བསམ་ཚུལ་ཐུང་ངུ་འདི་དེ་སྔོན་འདིའི་སྐོར་ཟིན་ཐོ་རེ་ཟུང་བཀོད་པ་དེ་དག་ལ་ཁ་བསྣོན་ཅུང་ཙམ་བྱས་ཏེ་བཀའ་དྲི་ཞིག་གི་ལན་དུ་དགེ་གཤེན་ཚེ་ཚང་ངམ་དྲ་མིང་ཧི་མ་ལ་ཡའི་རྒྱལ་སྲས་པས་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༢ ཉིན་ནུབ་ཕྱོགས་འཇར་མན་ཡུལ་གྱི་ཆུ་བོ་དྷོ་ནཱའོ་གཙང་པོའི་འགྲམ་དུ་བྲིས།། །།
སྔ་རབས་བོན་ལུགས་ཀྱི་་་་སྲིད་པས་བསྐོས་པ་་་་དང་། དེང་དུས་ཆོས་ལུགས་ཀྱི་་་ལས་འབྲས་ཀྱིས་བསྐོས་པ་་་གཉིས་ལ་ཁྱད་པར་སོགས་གང་ཡོད་དམ།