བོད་ཡིག་ཀ་ཁ་སོགས་གཅིག་པུ་རྡོ་དང་དར་གཡུག་ལ་བྲིས་ན་ཕན་ཡོན་ཡོད་དམ།
རྩོམ་བྲིས་པ། སྟོན་པ་རྫོགས་པའི་སངས་རྒྱས། དྲི་བ་གཏོང་མཁན། ལྡོང་སྐྱ་ལི།
དྲི་བ། བོད་ཡིག་ཀ་ཁ་སོགས་གཅིག་པུ་རྡོ་དང་དར་གཡུག་ལ་བྲིས་ན་ཕན་ཡོན་ཡོད་དམ།
ལན། སྤྱིར་ཡི་གེ་ཀ་གཅིག་ལའང་རྒྱལ་བའི་གསུང་རབ་ཀྱི་འདུ་ཤེས་འཇོག་ཐུབ་ན་ཚོགས་བསག་དཔག་མེད་ཡོད་པར་རྒྱལ་བའི་བཀའ་ལུང་མང་པོར་གསལ་བས་ཐེ་ཚོམ་ཇི་ལྟར་དགོས། ཡིན་ནའང་འདིར་ཁ་གསལ་ཚུལ་དུ་གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ལས་གཤེན་རབ་ཀྱི་ལས་སྤྱོད་བསྟན་པའི་སྐབས་སུ་འདི་ལྟར་གསུངས་ཡོད།
“གཤེན་རབས་དགེ་སྤྱོད་བསྟན་པ་ནི། །རྣམ་དག་བོན་སྐུ་རྣམ་སྤྲུལ་པའི། །འབྲི་དང་འཆང་དང་ཀློག་འདོན་དང་། །བཀུར་བསྟི་རིམ་གྲོ་ཕུ་དུད་དང་། །རིམ་གྲོ་ནན་ཏན་གང་བྱེད་པ། །རྣམ་དག་ཡོན་ཏན་ཕུན་སུམ་ཚོགས། །དབྱིངས་ཉིད་རྣམ་པར་དག་པའི་ཤོག་ཤོག་ལ། །ཟད་མེད་ཐུགས་རྗེ་བདལ་བའི་སྣག་ཚ་སྦྱར། །ཡེ་ཤེས་འོད་དུ་གསལ་བའི་སྨྱུག་གུས་བྲིས། །མ་བྲིས་དོན་གསལ་བོན་ཉིད་དབྱིངས་དཀྱིལ་དུ། །རིག་པ་འོད་ཀྱི་མི་ཆུང་ཚོན་གང་བས། །ཀློག་འདོན་ཕུད་དུད་ནན་ཏན་གང་བྱེད་པ། །མི་གཡོ་བདལ་པས་རྣམ་དག་འབྲས་བུ་འཐོབ། །ནམ་མཁའ་དབྱིངས་སུ་དག་པའི་ཤོག་ཤོག་ལ། །མེ་ཆུ་ས་རླུང་འབྱུང་བའི་སྣག་ཚ་སྦྱར། །སྟོབས་ཤུགས་ཁྱབ་བྱེད་རླུང་གི་སྨྱུག་གུས་བྲིས། །གླིང་བཞི་གླིང་ཕྲན་རི་རབ་ཡིག་འབྲུ་ལ། །ཉི་ཟླ་གཟའ་སྐར་གཞའ་ཚོན་རྒྱན་དུ་བཏགས། །སྣང་བ་ཡིད་ཀྱི་མི་ཆུང་ཚོན་གང་བས། །མ་བྲིས་སྣང་གསལ་ནམ་མཁའི་དབྱིངས་དཀྱིལ་དུ། །ཀློག་འདོན་ཕུད་དུད་ནན་ཏན་གང་བྱེད་པ། །ཁྱབ་བདལ་ཀུན་གསལ་རྣམ་དག་འབྲས་བུ་འཐོབ། །མཐིང་ཤོག་བེ་དུར་འོད་ཀྱི་གླེགས་བམ་ལ། །སྟོན་པའི་ཐུགས་ལས་བདེན་པའི་དོན་ཕྱུངས་ནས། །སྐྱེས་བུ་བཟོ་ལ་རིག་པའི་རྩལ་རྫོགས་པས། །འཕྲུལ་གྱི་ཡིག་སྨད་སུམ་ཅུའི་འབྲུ་བཀོད་ཅིང་། །ལྷག་པའི་ཡིག་ཕྲན་བརྒྱད་ཀྱིས་རྒྱན་བཀོད་ན། །སྟོང་གི་སྤྱི་ཕུད་ལྟ་བུར་འགྱུར་བ་ཡི། །རྣམ་པར་དག་པའི་འབྲས་བུ་འཐོབ་པར་འགྱུར། །རིན་ཆེན་གསེར་གྱི་ཡི་གེ་གང་འབྲི་བ། །རྒྱལ་པོ་རིན་ཆེན་ལྟ་བུར་གྱུར་ནས་ཀྱང་། །རྣམ་པར་དག་པའི་འབྲས་བུ་འཐོབ་པར་འགྱུར། །རིན་ཆེན་གཡུའི་ཡི་གེ་གང་འབྲི་བ། །བཙུན་མོ་རིན་ཆེན་ལྟ་བུར་གྱུར་ནས་ཀྱང་། །རྣམ་པར་དག་པའི་འབྲས་བུ་འཐོབ་པར་འགྱུར། །རིན་ཆེན་དངུལ་གྱི་ཡི་གེ་གང་འབྲི་བ། །བློན་པོ་རིན་ཆེན་བཞིན་དུ་གྱུར་ནས་ཀྱང་། །རྣམ་པར་དག་པའི་འབྲས་བུ་ཐོབ་པར་འགྱུར། །རིན་ཆེན་ལྕགས་ཀྱི་ཡི་གེ་གང་འབྲི་བ། །དམག་དཔོན་རིན་ཆེན་ལྟ་བུར་གྱུར་ནས་ཀྱང་། །རྣམ་པར་དག་པའི་འབྲས་བུ་འཐོབ་པར་འགྱུར། །རིན་ཆེན་དུང་གི་ཡི་གེ་གང་འབྲི་བ། །རྟ་མཆོག་རིན་ཆེན་ལྟ་བུར་གྱུར་ནས་ཀྱང་། །རྣམ་པར་དག་པའི་འབྲས་བུ་འཐོབ་པར་འགྱུར། །རིན་ཆེན་ཟངས་ཀྱི་ཡི་གེ་གང་འབྲི་བ། །གླང་པོ་རིན་ཆེན་ལྟ་བུར་གྱུར་ནས་ཀྱང་། །རྣམ་པར་དག་པའི་འབྲས་བུ་འཐོབ་པར་འགྱུར། །རིན་ཆེན་མཚལ་གྱི་ཡི་གེ་གང་འབྲི་བ། །ནོར་བུ་རིན་ཆེན་ལྟ་བུར་གྱུར་ནས་ཀྱང་། །རྣམ་པར་དག་པའི་འབྲས་བུ་འཐོབ་པར་འགྱུར། །ཤིང་ཁུ་སྣག་ཚའི་ཡི་གེ་གང་འབྲི་བ། །འཁོར་ལོ་རིན་ཆེན་ལྟ་བུ་གྱུར་ནས་ཀྱང་། །རྣམ་པར་དག་པའི་འབྲས་བུ་འཐོབ་པར་འགྱུར། །རིན་ཆེན་སྣ་བརྒྱད་འབྲི་བའི་གཤེན་རབ་ཀྱིས། །ཡི་གེ་ཀ་ཡི་འབྲུ་བཀོད་པས། །སེམས་ཅན་ཀུན་ལ་དབང་བྱེད་ཅིང་། །འཁོར་བའི་འདམ་ལས་བསྒྲོལ་བར་འགྱུར། །ཡི་གེ་ཁ་ཡི་འབྲུ་བཀོད་པས། །ངན་སོང་གསུམ་གྱི་སྒོ་བཅད་ནས། །མཐོ་རིས་ལམ་ལ་འཁོད་པར་འགྱུར། །ཡི་གེ་ག་ཡི་འབྲུ་བཀོད་པས། །བག་ཆགས་དྲི་མ་དག་ནས་ཀྱང་། །རྣམ་དག་འབྲས་བུ་འཐོབ་པར་འགྱུར། །ཡི་གེ་ང་ཡི་འབྲུ་བཀོད་པས། །མཉམ་ཉིད་ངང་ལ་མི་གཡོ་བའི། །རྣམ་དག་འབྲས་བུ་འཐོབ་པར་འགྱུར། །ཡི་གེ་ཅ་ཡི་འབྲུ་བཀོད་པས། །གཉིས་སུ་མེད་པའི་དོན་རྟོགས་ནས། །རྣམ་དག་འབྲས་བུ་འཐོབ་པར་འགྱུར། །ཡི་གེ་ཆ་ཡི་འབྲུ་བཀོད་པས། །ཐབས་ཀྱི་རོལ་པ་མ་འགག་པས། །རྣམ་དག་འབྲས་བུ་འཐོབ་པར་འགྱུར། ། ཡི་གེ་ཇ་ཡི་འབྲུ་བཀོད་པས། །གང་ལ་ཆགས་པ་མེད་པ་ཡི། །རྣམ་དག་འབྲས་བུ་འཐོབ་པར་འགྱུར། །ཡི་གེ་ཉ་ཡི་འབྲུ་བཀོད་པས། བདེན་པ་དོན་གྱི་གདར་ཆོད་ནི། །རྣམ་དག་འབྲས་བུ་འཐོབ་པར་འགྱུར། །ཡི་གེའི་ཏ་ཡི་འབྲུ་བཀོད་པས། བདེར་གཤེགས་ཐུགས་རྗེའི་འོད་སྤྲོས་ནས། །རྣམ་དག་འབྲས་བུ་འཐོབ་པར་འགྱུར། །ཡི་གེ་ཐ་ཡི་འབྲུ་བཀོད་པས། །གཡོ་བ་མེད་པའི་ཡེ་ཤེས་ཀྱི། །རྣམ་དག་འབྲས་བུ་འཐོབ་པར་འགྱུར། །ཡི་གེ་ད་ཡི་འབྲུ་བཀོད་པས། །རྒྱུ་དང་འབྲས་བུ་མཉམ་པ་ཡི། །རྣམ་དག་འབྲས་བུ་འཐོབ་པར་འགྱུར། །ཡི་གེ་ན་ཡི་འབྲུ་བཀོད་པས། །སྡུག་བསྔལ་མེད་པའི་དོན་གྲུབ་པས། །རྣམ་དག་འབྲས་བུ་འཐོབ་པར་འགྱུར། །ཡི་གེ་པ་ཡི་འབྲུ་བཀོད་པས། །གསལ་བའི་རིག་པ་བསྐྱེད་པ་ཡི། །རྣམ་དག་འབྲས་བུ་འཐོབ་པར་འགྱུར། །ཡི་གེ་ཕ་ཡི་འབྲུ་བཀོད་པས། །བདེ་ཆེན་ཅིར་ཡང་མི་རྟོགས་པས། །རྣམ་དག་འབྲས་བུ་འཐོབ་པར་འགྱུར། །ཡི་གེ་བ་ཡི་འབྲུ་བཀོད་པས། །བཀག་པ་མེད་པའི་རྒྱུ་འབྲས་པས། །རྣམ་དག་འབྲས་བུ་འཐོབ་པར་འགྱུར། །ཡི་གེ་མ་ཡི་འབྲུ་བཀོད་པས། །སྲིད་གསུམ་ཡོངས་ཀྱི་གཞིར་གྱུར་ནས། །རྣམ་དག་འབྲས་བུ་འཐོབ་པར་འགྱུར། །ཡི་གེ་ཙ་ཡི་འབྲུ་བཀོད་པས། །དུས་གསུམ་འདུ་འབྲལ་མེད་པ་ཡི། །རྣམ་དག་འབྲས་བུ་འཐོབ་པར་འགྱུར། །ཡི་གེ་ཚ་ཡི་འབྲུ་བཀོད་པས། །མཉམ་ཉིད་དོན་ལ་རྫོགས་པ་ཡི། །རྣམ་དག་འབྲས་བུ་འཐོབ་པར་འགྱུར། །ཡི་གེ་ཛ་ཡི་འབྲུ་བཀོད་པས། །ཐུགས་རྗེའི་འོད་ཟེར་གསལ་བ་ཡི། །རྣམ་དག་འབྲས་བུ་འཐོབ་པར་འགྱུར། །ཡི་གེ་ཝ་ཡི་འབྲུ་བཀོད་པས། །སྡུག་བསྔལ་མྱ་ངན་མེད་པ་ཡི། །རྣམ་དག་འབྲས་བུ་འཐོབ་པར་འགྱུར། །ཡི་གེ་ཞ་ཡི་འབྲུ་བཀོད་པས། །གནས་དང་གཞལ་ཡས་བདེ་བ་ཡི། །རྣམ་དག་འབྲས་བུ་འཐོབ་པར་འགྱུར། །ཡི་གེ་ཟ་ཡི་འབྲུ་བཀོད་པས། །སྐྱེ་མེད་རིག་པའི་ཡེ་ཤེས་ཀྱི། །རྣམ་དག་འབྲས་བུ་འཐོབ་པར་འགྱུར། །ཡི་གེ་འ་ཡི་འབྲུ་བཀོད་པས། །གསུང་དབྱངས་རང་བཞིན་མེད་པ་ཡི། །རྣམ་དག་འབྲས་བུ་འཐོབ་པར་འགྱུར། །ཡི་གེ་ཡ་ཡི་འབྲུ་བཀོད་པས། །ཐུགས་རྗེའི་རྫུ་འཕྲུལ་འབྱུང་བ་ཡི། །རྣམ་དག་འབྲས་བུ་འཐོབ་པར་འགྱུར། །ཡི་གེ་ར་ཡི་འབྲུ་བཀོད་པས། །ཡུལ་དང་དབང་པོ་གཉིས་མེད་པས། །རྣམ་དག་འབྲས་བུ་འཐོབ་པར་འགྱུར། །ཡི་གེ་ལ་ཡི་འབྲུ་བཀོད་པས། །མཉམ་ཉིད་ཡེ་ཤེས་དོན་སྤྲུལ་པས། །རྣམ་དག་འབྲས་བུ་འཐོབ་པར་འགྱུར། །ཡི་གེ་ཤ་ཡི་འབྲུ་བཀོད་པས། །མཁའ་ལ་བྱེ་བྲག་སྒྲ་སྒྲོགས་པས། །རྣམ་དག་འབྲས་བུ་འཐོབ་པར་འགྱུར། །ཡི་གེ་ས་ཡི་འབྲུ་བཀོད་པས། །ཅིར་ཡང་འགྱུར་བའི་གྲུབ་པ་ཡི། །རྣམ་དག་འབྲས་བུ་འཐོབ་པར་འགྱུར། །ཡི་གེ་ཧ་ཡི་འབྲུ་བཀོད་པས། །ཐབས་ཀྱི་འགྲོ་དོན་མཐར་ཕྱིན་པས། །རྣམ་དག་འབྲས་བུ་འཐོབ་པར་འགྱུར། །ཡི་གེ་ཨ་ཡི་འབྲུ་བཀོད་པས། །སྐྱེ་མེད་དོན་དམ་རྟོགས་པ་ཡིས། །རྣམ་དག་འབྲས་བུ་འཐོབ་པར་འགྱུར། །ཡི་གེ་དང་ཐོག་འབྲུ་དྲངས་པས། །གཉིས་མེད་ཐར་པའི་ལམ་དྲངས་པས། །རྣམ་དག་འབྲས་བུ་འཐོབ་པར་འགྱུར། །ཡི་གེ་དཀར་ཤད་འབྲུ་དྲངས་པས། །མཐོ་རིས་ངན་སོང་ལམ་བཅད་ནས། །རྣམ་དག་འབྲས་བུ་འཐོབ་པར་འགྱུར། །ཡི་གེ་ཚག་གི་འབྲུ་བཞག་པས། །སྡོམ་ཚིག་རྩ་བ་འདུས་པ་ཡི། །རྣམ་དག་འབྲས་བུ་འཐོབ་པར་འགྱུར། །ཡི་གེ་འགྲེང་བུའི་རྒྱན་བཙུགས་པས། །ཐར་པའི་ལམ་ལ་བརྟེན་པ་ཡི། །རྣམ་དག་འབྲས་བུ་འཐོབ་པར་འགྱུར། །ཡི་གེ་གི་གུའི་འབྲུ་བཀོད་པས། །འཁོར་བའི་གནས་ནས་འདྲེན་པ་ཡིས། །རྣམ་དག་འབྲས་བུ་འཐོབ་པར་འགྱུར། །ཡི་གེ་ན་རོའི་རྒྱན་བསྙད་པས། །མཐོ་རིས་ངན་སོང་ལ་བཅད་པས། །རྣམ་དག་འབྲས་བུ་འཐོབ་པར་འགྱུར། །ཡི་གེ་ཞབས་ཀྱུའི་རྒྱན་བཀོད་པས། །ཡེ་ཉིད་ངང་ལས་བདལ་པ་ཡིས། །རྣམ་དག་འབྲས་བུ་འཐོབ་པར་འགྱུར། །ཡིག་འབྲུ་ཚིག་དང་སྡོམ་ཚིག་བཅས། །གཤེན་རབ་བློ་སྟོབས་གང་གནས་པས། །ཀློག་དང་འདོན་དང་བཀུར་བསྟི་དང་། །ཕུད་དུད་ནན་ཏན་གང་བྱེད་པ། །གཤེན་རབ་ཐུགས་ཀྱི་ཀློང་རུམ་དུ། །རྣམ་དག་འབྲས་བུ་འཐོབ་པར་འགྱུར། །གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ལས། །གསུང་རབ་བཀོད་པ་དགེ་སྤྱོད་དོ། །”ཞེས་གསུངས་སོ།། །།