ལོ་ཐོ་སྐབས་སུ་དུས་སྦྱོར་དང་ཁྱིམ་བཅུ་གཉིས་སོགས་འཁོར་སྟངས་གང་འདྲ་ཡིན་ནམ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་འདོན་མཁན། ཁྱུང་དུང་རྒྱལ།
དྲི་བ། ནམ་རྒྱུན་ལོ་ཐོ་ལྟ་སྐབས་དེ་ཡི་ནང་དུ་གཟའ་དང་སྐར་མ། ཚེས། སྦྱོར་བ། ཁྱིམ། ཟེར་བ་སོགས་ཡོད་པ་དང་། དེའི་སྐབས་སུ་དུས་སྦྱོར་ཡོན་ཏན་བྱེ་བར་འགྱུར། ཞེས་པའི་དུས་སྦྱོར་དེ་ལ་མིང་གི་རྣམ་གྲངས་ག་ཚོད་ཡོད་པ་དང་། ཁྱིམ་བཅུ་གཉིས་ཞེས་པ་དེ་ཟླ་བ་བཅུ་གཉིས་དང་ཉིན་ཁྱིམ་བཅུ་གཉིས་སོགས་ལ་འཁོར་ཚུལ་གང་འདྲ་ཡིན་གསུང་རོགས།
ལན། དུས་སྦྱོར་ལ་རྣམ་གྲངས་བཅུ་གཉིས་ཡོད་པ་གཤམ་ལྟར་ཡིན། ལུག གླང་། འཁྲིག ཀརྟ་ཊ། སེང་གེ། བུ་མོ། སྲང་། སྡིག གཞུ། ཆུ་སྲིན། བུམ་པ། ཉ། རྣམས་སོ། དེའང་དུས་སྦྱོར་ཉིན་མཚན་གཉིས་ལ་འཁོར་སྟངས་ནི།
གཤེན་གྱི་སློབ་དཔོན་མཁས་གྲུབ་ལུང་རྟོགས་རྒྱ་མཚོའི་(འབྲས་རྩིས་བདེན་དོན་སྙིང་པོ) ལས། ཉིན་མཚན་དུས་ཚོད་དྲུག་དྲུག་ལ། །ཉི་མ་གང་ཡོད་རག་པ་ལ། །ནམ་ལངས་ནས་དྲངས་དུས་སྦྱོར་ཏེ། །ཞེས་གསུངས་པ་ལྟར། དཔེར་ན་ཟླ་བ་གསུམ་པའི་ནང་ཉི་མ་ལུག་ཁྱིན་སླེབས་ཉིན་དེའི། ནམ་ལངས་ལུག་ནས་འགོ་བརྩི་སྟེ་ཉི་ཤར་གླང་སོགས་རིམ་པར་འགྲེ་དགོས། ཡང་གོང་གི་ལུང་ལས། དུས་སྦྱོར་ཅིས་ཕྱིར་གནད་ཆེ་ན། །གཟའ་སྐར་སྦྱོར་བ་བྱེད་པ་བཞི། །དུས་སྦྱོར་དེ་ཡི་ཁྱིམ་ལ་ཚང་། །དེ་ཕྱིར་དུས་སྦྱོར་ཤིན་ཏུ་གཙོ། །ཞེས་གསུངས་སོ། །
ཁྱིམ་བཅུ་གཉིས་ཡང་གོང་སྨྲས་དུས་སྦྱོར་བཅུ་གཉིས་པོ་དེ་ཡིན། དེའང་ཡོངས་གྲགས་བཤད་ཚུལ་ནི་ལོ་རེའི་ཟླ་བ་བཅུ་གཉིས་སོ་སོར་ཉི་མ་སྐར་མའི་ཁྱིམ་གང་དུ་གནས་པའི་ཆ་རེ་རེར་ཁྱིམ་རེ་རེར་རྩིས་པ་དང༌། དེ་བཞིན་དུ་གཟའ་གཞན་བརྒྱད་པོ་ཡང་རྒྱུ་སྐར་ཉེར་བདུན་གནས་པའི་ཁྱིམ་ལ་རྒྱུ་བའི་དུས་ཡུན་མི་འདྲ་བ་རེ་ཡོད་པའི་ཆ་ནས་ཁྱིམ་ཞེས་བརྗོད་པ་དང༌། རྒྱུ་སྐར་ཉེར་བདུན་ནི་གཟའ་དགུ་པོ་སོ་སོའི་རྒྱུ་ཚུལ་གསལ་བར་མཚོན་བྱེད་ཀྱི་བརྡ་རྟགས་ཡིན་པས་ན་ཕྱོགས་གསུམ་གྱི་སྒོ་ནས་སྐར་ཁྱིམ་བཅུ་གཉིས་དང་ཉི་ཁྱིམ་བཅུ་གཉིས་ཞེས་བརྗོད་ཀྱིན་ཡོད་པར་བཤད་ཡོད།
སྤྱིར་ལོ་ཐོ་གཟིགས་སྐབས་ཤེས་དགོས་པའི་གནད་འདི་རྣམས་ཡིན། ཉིན་དེའི་ཚེས་ཆ་བཟང་ན་ཡོན་ཏན་གཅིག གཟའ་བཟང་ན་ཡོན་ཏན་བཞི། སྐར་མ་ལེགས་ན་ཡོན་ཏན་བརྒྱད། དུས་སྦྱོར་བཟང་ན་ཡོན་ཏན་བྱེ་བར་འགྱུར་བར་གསུངས་ཡོད། དེ་བཞིན་གཟའ་དང་སྐར་མ་གཉིས་བཟང་ངན་མ་མཚུངས་ན་གཟའ་ཉིད་གཙོ་བོར་བཟུང་། སྐར་མ་དང་ཚེས་ཀྱི་འབྲས་བུ་མ་མཚུངས་ན་སྐར་མ་ཉིད་གཙོ་བོར་བཟུང་། སྦྱོར་བ་དང་བྱེད་པ་གཉིས་མ་མཚུངས་ན་བྱེད་པ་གཙོ་བོར་བཟུང་། ཉི་མ་དང་དུས་ཚོད་གཉིས་མ་མཚུངས་ན་དུས་ཚོད་གཙོ། ཐམས་ཅད་བཟང་ངན་མ་མཚུངས་ན་མང་ཉུང་རྩིས་ཏེ་མང་བ་ཉིད་གཙོ། གོང་གི་ཐམས་ཅད་བཟང་ཡང་རཱ་ཧུ་ལ་དང་ཡན་ཀྭང་སོགས་བྱུང་ན་ངན་པར་བྱེད། ཡང་གོང་རྣམས་ཐམས་ཅད་ངན་ཡང་གནམ་སྨན་བཀྲིས་ཉི་མ་སོགས་བྱུང་ན་བཟང་པོར་བྱེད། དེ་དག་ཀུན་ལས་དུས་སྦྱོར་དབང་ཆེ་བས་དུས་སྦྱོར་གཙོ་བོར་བཟུང་དགོས་པ་སོགས་ཀྱི་གནད་གོང་གི་རྩིས་གཞུང་ལས་གསུངས་པ་ལྟར་ཡིན་ནོ། །