རྒྱལ་བ་མཉམ་མེད་ཆེན་པོའི་སྐོར་ལ་དྲི་བ་ ༡༣ །
༧ རྗེ་མཉམ་མེད་པའི་རྣམ་ཐར་མཇལ་ནས་མཉམ་མེད་དུས་ཆེན་བསུ་ཚུལ་ཞིག །
རྩོམ་པ་པོ། སྟེང་དགོན་དགེ་བཤེས་གཙོ་ཚུལ།
(རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་རྣམ་ཐར་ཉན་ཀློག་བྱས་པའི་ཟིན་ཐོ། )
༡) ༧ རྗེ་མཉམ་མེད་པ་འཛམ་གླིང་ས་ཕྱོགས་གང་དུ་འཁྲུངས་སམ།
གངས་ཅན་བོད་ཀྱི་ཤར་ཕྱོགས་ཤར་རྒྱལ་མོ་རོང་རྒྱལ་མོ་རྔུལ་ཆུའི་འགྲམ། སྟེགས་ཅོག་བྱ་བའི་གནས་དེར་འཁྲུངས།
༢) ༧ རྗེ་མཉམ་མེད་པའི་ཡབ་ཡུམ་གང་ཡིན་ནམ།
ཡབ་དབྲ་རིགས་ཀླུ་རྒྱལ་དང་། ཡུམ་རིན་ཆེན་སྨན།
༣) ༧ རྗེ་མཉམ་མེད་པའི་འཁྲུངས་དུས་གང་ཡིན་ནམ།
རབ་བྱུང་དྲུག་པའི་མེ་ཕོ་སྤྲེལ་ལོའི་དཔྱིད་ཟླ་སྟག་གི་ཟླ་བའི་ཚེས་ལྔ། (སྤྱི་ལོ ༡༣༥༦)
༤) ༧ རྗེ་མཉམ་མེད་པའི་སྐུ་ན་ཆུང་དུས་ཀྱི་མཚན་གང་གསོལ་ལམ།
ཡབ་ཀྱིས “ གཡུང་དྲུང་རྒྱལ ” ཞེས་བཏགས།
༥) ༧ རྗེ་མཉམ་མེད་པ་ཐོག་མར་བོན་གྱི་སྒོར་ཞུགས་ཚུལ་གང་ཡིན་ནམ།
ཐོག་མར་ཡབ་དབྲ་རིགས་ཀླུ་རྒྱལ་དྲུང་ནས་རྒྱུ་ཡི་བོན་ལ་མཁས་པར་སྦྱངས་ཤིང་། དེ་ནས་ཕྱྭ་བླ་མ་གཡུང་དྲུང་རྒྱལ་མཚན་དྲུང་ནས་བསྙེན་གནས་ཀྱི་སྡོམ་པ་བླངས་ཏེ། ཁྲོ་ཀློང་རྣམ་གསུམ་དང་། ཡར་མེ་བའི་བཀའ་བརྟེན་རྣམས་དང་། མཛོད། གབ་པ། རྩ་རྒྱུད་གཞུང་ཆེན་རྣམས་བློ་འཛིན་མཛད་པ་དང་། དེ་ནས་དགུང་ལོ་བཅུའི་ཐོག་ལ་ཕྱྭ་བླ་གཡུང་དྲུང་རྒྱལ་མཚན་དྲུང་ནས་གཙང་གཙུག་གི་སྡོམ་པ་བཞེས་པས་ “ ཤེས་རབ་རྒྱལ་མཚན་ ” ཞེས་གསོལ། དེ་ནས་བཟུང་ཤ་ཆང་སྒོག་གསུམ་གཏན་སྤངས་དང་ཕྱི་གཏོར་ནང་གཏོར་མ་ཆག་པར་མཛད་ཅིང་བོན་སྒོར་ཞུགས་པའོ།།
༦) ༧ རྗེ་མཉམ་མེད་པས་ཡོངས་འཛིན་གང་དང་གང་གི་ཐུགས་བཅུད་བླངས་ནས་མཁས་གྲུབ་ཏུ་གྱུར་པ་ཡིན་ནམ།
བྷེ་དྲང་སྲོང་རིན་ཆེན་རྒྱལ་མཚན་དང་། མཁས་གྲུབ་རིན་ཆེན་བློ་གྲོས། མེ་སྟོན་ཀུན་བཟང་རྒྱལ་མཚན། མཐའ་བཞི་བསོད་ནམས་རྒྱལ་མཚན། ཉག་རོང་བསོད་ནམས་རྒྱལ་མཚན། ཞང་སྟོན་བསོད་ནམས་རྒྱལ་མཚན། ཕོ་རྩེ་ཡེ་ཤེས་རྒྱལ་མཚན། ཝལ་ཝལ་ཤེས་རབ་རྒྱལ་མཚན། རོང་སྟོན་ཆེན་པོ། ཁོད་སྤོ་བླ་མ་སྣང་ལྡན་གཙུག་ཕུད། རྟོགས་ལྡན་ཤེས་རབ་བློ་གྲོས་སོགས་མཁས་གྲུབ་དུ་མའི་དྲུང་ནས། མཚན་ཉིད་སྡེ་ལྔའི་སྐོར་ཏེ། མཛོད་ཀྱི་སྐོར། འབུམ་གྱི་སྐོར། འདུལ་བའི་སྐོར། མདོ་ཡི་སྐོར། དབུ་ཚད་སྐོར། སོགས་ཀྱི་ཁྲིད་རིམ་གསན་ཏེ་ཕྱི་མཚན་ཉིད་སྐོར་ལ་མཁས་པར་མཛད། གཞན་ཡང་སྔགས་ཕྱི་རྒྱུད་ལ། རྣམ་དག་ཡུམ་གྱི་རྒྱུད་དང་ཆོ་ག ། དེའི་ཆ་ལག་མཆོད་གཏོར་སྐོར། རྣམ་པར་རྒྱལ་བའི་སྐོར། བྱམས་མའི་སྐོར་སོགས་དང་།
ནང་རྒྱུད་ལ། རྩ་རྒྱུད་བསེན་ཐུབ་དང་། ཞི་བ་ཡོངས་རྫོགས། ཁྲོ་བོའི་སྐོར། ཕུར་པའི་སྐོར། གེ་ཁོད་ཀྱི་སྐོར། གཅོད་ཀྱི་སྐོར་ལ་ཞི་གཅོད་སོགས་དང་། རྫོགས་ཆེན་སེམས་དོན་སྐོར་ལ། ཞང་ཞུང་སྙན་རྒྱུད་ཆ་ལག་བཅས་པ་དང་གབ་པ་དགུ་སྐོར། དྲ་བ་དམར་ནག་སོགས་སྲུང་མའི་སྐོར་བཅས་ཏེ། མདོར་ན་བོན་ཕྱི་ནང་གསང་གསུམ་གྱི་དབང་ལུང་ཁྲིད་སོགས་གསན་ནས་ཡོངས་འཛིན་མཁས་མང་ཚོགས་ཀྱི་ཐུགས་བཅུད་གང་ཡོད་བུམ་པ་གང་བྱོའི་ཚུལ་དུ་བླངས།
༧) ༧ རྗེ་མཉམ་མེད་པའི་འཆད་རྩོད་རྩོམ་པ་གང་དག་མཛད་དམ།
འཆད་པ་ལ།
མཚན་ཉིད་སྡེ་ལྔ་ལས་སོགས་ཀྱི་གཞུང་ལུགས་བཅུ་ཕྲག་སྐོར་རྣམས། མང་འདུས་ཐར་པའི་ལམ་སྐས་སུ་གཟིགས་ཏེ། ཚོགས་པའི་དབུས་སུ་གསལ་བར་གཏན་ལ་ཕབ་སྟེ་འཆད། གསང་སྔགས་སྒྲུབ་པའི་སྐོར་རྣམས་གཉན་ཅིང་ཟབ་སྨར་དུ་དགོངས་ཏེ་སྣོད་ལྡན་སློབ་མ་འགའ་ལ་གསང་ཚིག་གི་བཀའ་རྒྱ་བཀྲོལ་ཏེ་ལེགས་པར་འཆད། སེམས་དོན་མན་ངག་གི་སྐོར་རྣམས་གྲུབ་པའི་གསང་བ་རུ་དགོངས་ཏེ་མང་པོ་ལ་མི་གནང་བར་གཅིག་བརྒྱུད་དུ་ལེགས་པར་འཆད།
འཆད་པའི་ཚུལ་ལ་སྔོན་བྱོན་མཁས་གྲུབ་གཉོས་དང་། འགྲོ་མགོན་ཁུ་དབོན། བྲུ་རྒྱལ་བ་གཡུང་དྲུང་ལས་སོགས་ཀྱི་འཆད་ཚུལ་ལྟར་མཛད་ཅིང་། སློབ་མའི་བློ་སྐྱེད་འདོན་ཐབས་སུ་དགོངས་ཏེ། ཐོག་མར་གཞུང་གི་བསྡུས་དོན་ཚོམས་སུ་བཅད་ཅིང་། དེ་ནས་གཞུང་གི་ཚིག་འབྲུ་རེ་རེ་ནས་གཉེར་ཅིང་མ་འདྲེས་པ་འཆད་པ་སོགས་ཐུན་མོང་མ་ཡིན་པའི་ཁྱད་ལྡན་པར་གསུངས།
རྩོད་པ་ལ།
རྗེ་ཉིད་ཀྱི་གསུང་གདམས་ལས། “ རྩོད་པ་ཁྱད་པར་ཅན་ནི། དགག་སྒྲུབ་གཉིས་ལ་བརྟེན་དགོས་ཤིང་། དགག་སྒྲུབ་ཀྱི་ཚུལ་མ་ཤེས་ན་རྩོད་པ་བབ་ཆོལ་གྱི་ངག་ཏུ་འགྲོ། ” ཞེས་གསུངས་ཏེ། གཞུང་དོན་དང་སྤྱི་དང་བྱེ་བྲག་གི་དགོངས་དོན་གང་ལ། ཚུལ་དང་མི་མཐུན་པ་དགག་ཅིང་རང་གཞུང་རྣམ་པར་བསྒྲུབས་ཏེ་རྩོད་པ་ལ་མི་འཇིགས་པའི་སྤོབས་པ་ཐོབ་པས། དུས་དེར། སྙེ་ཐང་བདེ་བ་ཅན་དང་། ར་བ་སྟོད་དང་། འབྲས་ཡུལ་སྐྱེད་ཚལ། ན་ལེན་ཏྲ་སོགས་སུ་གྲྭ་སྐོར་རྩོད་པར་ཕེབས་ཚེ་རྣམ་པར་རྒྱལ་བའི་ཚད་དུ་འཇོག །
རྩོམ་པ་ལ།
དང་པོ།
ཕྱི་མཚན་ཉིད་སྡེ་ལྔའི་སྐོར་ལ་འགྲེལ་དང་ཆ་ལག་ནི། ཟབ་མོ་སྟོན་པ་འབུམ་གྱི་སྡེ་ལ། ཁམས་བསྡུས་ཀྱི་འགྲེལ་བ་སོགས་སོ།། ཚུལ་ཁྲིམས་རྣམ་དག་འདུལ་བའི་སྡེ་ལ། འདུལ་བ་ཀུན་བཏུས་དང་མདོར་བསྡུས་ཀྱི་འགྲེལ་དང་འདུལ་བའི་ཆ་ལག་སྐོར་རོ།། ལས་འབྲས་སྟོན་པ་མདོ་ཡི་སྡེ་ལ། ཐར་ལམ་གྱི་རིམ་པ་དང་ས་ལམ་རྩ་འགྲེལ་སོགས་སོ།། ཆགས་འཇིག་སྟོན་པ་མཛོད་ཀྱི་སྡེ་ལ། སྲིད་པའི་མཛོད་ཕུག་གི་འགྲེལ་བ་དང་། གཞལ་བྱ་དབུ་ཚད་རིག་པའི་སྡེ་ལ། དབུ་མ་བདེན་གཉིས་ཀྱི་འགྲེལ་བ་དང་ཚད་མ་རྣམ་འབྱེད་རྩ་འགྲེལ་དང་ཐལ་འཕྲེང་སྐོར་རྣམས་སོ།།
གཉིས་པ།
ནང་གསང་སྔགས་ཕྱི་ནང་གསང་གསུམ་སྐོར་ལ་གཞུང་དང་སྒྲུབ་སྐོར་ཆ་ལག་སོགས་མང་ཞིང་བསྡོམས་སུ་བྱས་ན། སྔགས་ཕྱི་རྒྱུད་སྐོར་གྱི་གསུང་རྩོམ་ལ། ཆུ་གཏོར་དང་ཀློང་རྒྱས་ཀྱི་མངོན་རྟོགས་དང་། རྣམ་རྒྱལ་གཞུང་དང་གཟུངས་སྒྲུབ་སོགས་མང་། སྔགས་ནང་རྒྱུད་ཀྱི་སྐོར་གྱི་གསུང་རྩོམ་ལ། གསང་བ་སྔགས་ཀྱི་སྤྱི་དོན་རྩ་གཞུང་གསང་དོན་རྣམ་འབྱེད་དང་། སྤྱི་སྤུངས་ཞི་ཁྲོ་དང་དབལ་གསས། ཕུར་པ། གེ་ཁོད་སོགས་ཀྱི་ཆ་ལག་དང་སྒྲུབ་སྐོར་རྣམས་སོ།། སྔགས་གསང་རྒྱུད་སྐོར་ལའང་། ཚེ་དབང་གསང་སྒྲུབ་དང་རིག་འདུས་སྐོར་བཅས་སོ།། གཞན་ཡང་དེ་དག་གི་ཆ་ལག་ཏུ་དཀྱིལ་འཁོར་ཐིག་རྩ་ཡང་བཞུགས།།
གསུམ་པ།
ཡང་གསང་སེམས་དོན་རྫོགས་ཆེན་སྐོར་གྱི་གསུང་རྩོམ་ལ། ཐེག་རིམ་འགྲེལ་བ་དང་གབ་པའི་འགྲེལ་བ་སོགས་སོ།།
གཞན་ཡང་དེ་དག་གི་ཟུར་རྒྱན་དགེ་སྦྱོར་བྱ་ཆའི་སྐོར་གྱི་གསུང་རྩོམ་ལ། ཞི་གཅོད་སོགས་གཅོད་ཀྱི་སྐོར་དང་། སྤྱི་བསྐང་རིན་ཆེན་གཏེར་སྤུངས་དང་མཁྱེན་གསོལ་རྣམ་དག་སོགས་བསྐང་བའི་སྐོར་དང་། ཡུལ་མཆོག་གནས་བཞིའི་བསྟོད་པ་སོགས་བསྟོད་ཚོགས་ཀྱི་སྐོར་དང་། སྨོན་ལམ་ཡན་ལག་བརྒྱད་པ་སོགས་སྨོན་ལམ་སྐོར་བཅས་ཏེ་གསུང་འབུམ་པོད་ཆེན་བཅུ་ཕྲག་ལྷག་ཡོད་ཅིང་། གསུང་རྩོམ་གྱི་མཚན་ལ་བརྟགས་ནས་ཕྱིས་བསྡོམས་སུ་བྱས་ཏེ་“འཕྲུལ་སྒྲོན་རྣམ་ལྔ”ཞེས་སྡེ་ཚན་ལྔ་ཡི་དབྱེ་ཚུལ་ཞིག་གྲགས་སོ།།
༨) ༧ རྗེ་མཉམ་མེད་པས་བསྟན་པའི་འགན་ནམ་གཉེར་གང་བཞེས་སམ།
རྒྱལ་རིགས་བྲུ་ཡི་གདན་ས་གཙང་གཡས་རུ་དབེན་ས་ཁའི་རྒྱལ་ཐེབས་མཛད་པ་དང་། གཙང་སྨན་རི་དགོན་པ་ཕྱག་བཏབ་ཅིང་ཁྲི་ཐོག་དང་པོའི་འགན་བཞེས།
༩) ༧ རྗེ་མཉམ་མེད་པའི་སློབ་རྒྱུད་གང་དང་གང་བྱོན་ཡོད་དམ།
ཐུགས་སྲས་ཐུ་བོ་གཉིས་ནི། རྒྱལ་ཚབ་རིན་ཆེན་རྒྱལ་མཚན་དང་མངའ་རིས་བསོད་ནམས་རྒྱལ་མཚན་གཉིས་སོ།། མཁས་བྱ་གསུམ་ལ་ཐོག་པ་མེད་པ་གཉིས་ནི། བྲུ་སྟོན་ཀུན་དགའ་དབང་ལྡན་དང་། ཤེས་རབ་སེང་གེ་གཉིས། གཞན་ཡང་མེ་ཉག་བསོད་ནམས་རྒྱལ་མཚན་ལས་སོགས་མཁས་པ་ཆེན་པོ་ཉི་ཤུ་ཙམ་དང་། བསྟན་པ་ལ་ཤིན་ཏུ་ཕན་པའི་སློབ་མ་བརྒྱ་ཕྲག་ཙམ། སྡོམ་པ་དང་བོན་ཐུན་རེ་ཞུས་པའི་སློབ་མ་སྟོང་ཕྲག་བརྒལ་བ་ཡོད་པར་གསུངས།
༡༠) ༧ རྗེ་མཉམ་མེད་པས་༧བཀྲ་ཤིས་སྨན་རི་དགོན་ག་དུས་བཏབ་བམ།
ཁོང་དགུང་ལོ་ལྔ་བཅུའི་དུས་ཏེ་ཤིང་མོ་བྱ་ཡི་ལོ་ལ་ཕྱག་བཏབ་ཅེས་འཁོད།
༡༡) ༧ རྗེ་མཉམ་མེད་པས་སྨན་རི་ལ་བཅའ་སྒྲིག་གཙོ་བོ་གང་མཛད་དམ།
སྤྱིའི་འགྲིག་ནི་འདུལ་བའི་གཞུང་དང་མཐུན་པར་གསལ་ཞིང་། བྱེ་བྲག་ཏུ་རྣམ་ཐར་ལས་འཁོད་པ་ལྟར་ན། “ ཕྱོགས་བཞིར་ཁྲིམས་ཀྱི་ཐོ་བཞི་བརྩེགས་ཏེ། དེ་ཚུན་ཆད་མྱི་ནག་པ་དང་སྐྱེས་དམན་འོང་དབང་མེད་པ་དང་། ཚོགས་སུ་སྡོམ་པ་མ་བླང་བར་གྲལ་ལ་འདུག་ས་མེད་པ་དང་། བླངས་ཀྱང་བླ་གོས་དང་གདིང་ལྷུང་མེད་པར་གྲལ་ལ་འདུག་དབང་མེད་པ་ ” དང་གསུམ་སོགས་ཀྱི་བཅའ་སྒྲིག་དང་། གཞན་ཡང་ཟླ་བ་བྱུང་ངོ་ཅོག་གི་ཡར་ངོ་ལ་འཆད་ཉན་དང་། མར་ངོ་ལ་སྒྲུབ་པ་མཛད་ཅིང་བཤད་སྒྲུབ་ཟུང་དུ་འབྲེལ་བ་ལས་ཡ་བྲལ་གནང་སྲོལ་མེད་པ་བཅས་ཡིན།
༡༢) ༧ རྗེ་མཉམ་མེད་པ་དགུང་གྲངས་ག་དུས་ཐོག་སྐུ་ཞི་བར་གཤེགས་སམ།
དགུང་གྲངས་དྲུག་བཅུར་བཞེས་པའི་ཤིང་ལུག་ལོའི་དབྱར་ཟླ་ཐ་ཆུང་གི་ཚེས་བརྒྱད་ལ། པད་ཞུ་དང་སྣམ་སྦྱར་སོགས་མི་འཁྲུགས་པར་གསོལ་ཏེ། “སྔོན་དུས་ཡར་མེ་བ་ཆེན་པོ་ཡང་བོན་འཆད་བཞིན་གཤེགས་པས། བདག་ཀྱང་དེ་བཞིན་བྱེད་”གསུངས་ནས། བོན་སྤྱོད་དགུ་རིམ་སོགས་གསུངས་གྲུབ་མཚམས། གཞི་རང་ངོ་སྤྲོད་པ་གཅེར་མཐོང་ལྟ་བའི་ཁྲིད་གསུངས་བཞིན་སྤྱན་ནམ་མཁའ་ལ་དར་གཅིག་གཟིགས་ཏེ་བདེ་བར་(སྤྱི་ལོ ༡༤༡༥) གཤེགས་སོ།།
༡༣) ༧ རྗེ་མཉམ་མེད་པའི་ཕྱི་རབས་རྣམས་ལ་ཞལ་གདམས་སམ་བསླབ་བྱ་གཙོ་བོ་གང་ཞིག་གནང་ཡོད་དམ།
རྣམ་ཐར་ལས། “བསྟན་པ་ལ་ཨེ་ཕན་བསམ་ན་འཆད་ཉན་དགོས་པ་ཡིན། ཕྱོགས་ཀུན་ནས་འཆད་ཉན་ལ་འབད་དགོས།” ཞེས་དང་། “རབ་ཏུ་བྱུང་བ་རྣམས་འདོད་པ་ཆུང་ཞིང་ཆོག་ཤེས་དགོས་པ་ཡིན།” ཞེས་གསུངས་ཞིང་། སྤྱིར་རྗེ་རིན་པོ་ཆེའི་གསུང་འབུམ་རྣམས་སུ་ལེགས་བཤད་བསླབ་གདམས་མང་ཡང་ད་ལན་རྟེན་འབྲེལ་ཙམ་དུ་རྣམ་ཐར་ལསོ།།
སྤྱི་ལོ ༢༠༢༣ སྟེ། རབ་བྱུང་བཅུ་བདུན་པའི་ཆུ་ཡོས་ལོའི་མཆུ་ཟླའི་ཡར་ཚེས་ལྔ་ཉིན་ལ། རྗེ་མཉམ་མེད་པའི་དུས་ཆེན་སྲུང་བརྩིའི་རྣམ་པ་རུ། གྲགས་པ་རྒྱལ་མཚན་གྱིས་མཛད་པའི་རྣམ་ཐར་སྒྲ་འཇུག་ལ་ཉན་ཞིང་དཔེ་ཆ་དངོས་ལ་བམ་ཀློག་ཚར་གཅིག་བྱས་ཏེ། རྗེ་མཉམ་མེད་པ་ནི་ས་བཅུ་གསུམ་ཐོབ་པའི་བླ་མ་ཡིན་བཞིན། དེར་མཚུངས་གྲངས་ཀྱི་དྲི་བ་དྲི་ལན་ཚུལ་དུ་ཟིན་ཐོར་སྟར་བ་པོ་ནི། སྟེང་དགོན་དགེ་བཤེས་ཀྱི་མིང་ཙམ་འཛིན་པ་གཙོ་ཚུལ་པས་སོ།། །།
(རྩོམ་ཡོང་ཁུངས། སྲིད་པའི་མིག)