ཆོས་འཁོར་ཚང་དགེ་བཤེས་གཡུང་དྲུང་རྒྱ་མཚོ་ལགས་སུ་བཅར་འདྲི།
ལག་བསྟར་བ། དོ་དམ་པ། · ཟླ་བདུན་པ། 1, 2023
<< བོན་གྱི་དྲིས་ལན་དྲ་མཛོད་ >> ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༥ ཉིན་དབུ་བརྙེས་པ་ནས་བཟུང་ངེད་ཚོས་སོ་སོའི་སློབ་གཉེར་དང་ལས་ཀའི་བར་གསེང་ནས་ཞང་བོད་ཀྱི་རིག་གནས་སྤྱི་དང་། སྒོས་སུ་གཡུང་དྲུང་བོན་གྱི་ལྟ་གྲུབ་དང་ལོ་རྒྱུས་སོགས་དེང་རབས་ཆ་འཕྲིན་གྱི་ལམ་ནས་འདིའི་ཕྱོགས་སུ་ཐུགས་སྣང་ཡོད་རིགས་ལ་དྲི་བ་དྲིས་ལན་གྱི་ཚུལ་དུ་རྩོམ་ཡིག་གང་མང་ཞིག་སྤེལ་བཞིན་ཡོད་པས། རྒྱལ་ཕྱི་ནང་ཁག་ནས་ཀློག་པ་པོ་དང་ཞིབ་འཇུག་པ་གང་མང་ཞིག་གིས་བསྟོད་བསྔགས་དང་རྒྱབ་སྐྱོར་ཚད་མཐོར་གནང་བཞིན་ཡོད།
དེར་འབྲེལ་ << བོན་གྱི་དྲིས་ལན་དྲ་མཛོད་ >> ངོས་ནས་འཆར་གཞི་དང་ལས་དོན་གང་མང་ཞིག་གྲ་སྒྲིག་ཡོད་པའི་ནང་གསེས་མི་སྣར་དྲི་བ་དྲིས་ལན་ཞུ་རྒྱུའི་ལས་ཚན་ “ ཞང་བོད་གླེང་སྟེགས་” ཀྱི་མི་སྣར་དྲི་བ་དྲིས་ལན་ནི་བླ་སྤྲུལ་དང་། དགེ་རྒན། ཞིབ་འཇུག་པ། ཆེད་མཁས། སྒྱུ་རྩལ་བ། སློབ་གཉེར་བ་སོགས་ཅི་རིགས་འདུས་པའི་ལེ་ཚན་ཞིག་ཡིན།
འདིར་བཀའ་དྲི་ཞུ་ཡུལ་རྣམ་པར་ཆེ་མཐོང་གུས་བཀུར་ཆེད་དོ་བདག་གི་མཛད་རྣམ་ཆེས་བསྡུས་པ་རེ་འགོད་བཞིན་ཡོད་པ་ལས་ལོ་རྒྱུས་ཆ་ཚང་འགོད་པར་སྟབས་བདེ་མིན་ལ་སོང་དེ་ལུགས་ཐུགས་ལ་འཇགས་པ་ཞུ་རྒྱུ་དང་། དེ་བཞིན་འདིར་འཁོད་པའི་དྲིས་ལན་རྣམས་བཀའ་ལན་གནང་མཁན་རང་གི་དགོངས་ཚུལ་ལས་ངེད་དྲ་བའི་རྩོམ་སྒྲིག་ཁང་གི་ལྟ་བ་དང་ལང་ཕྱོགས་ཡིན་པའི་ཁྱབ་པ་མེད་པས་དེ་ལུགས་ངེས་དགོས་སོ།།
ཆོས་འཁོར་ཚང་དགེ་བཤེས་གཡུང་དྲུང་རྒྱ་མཚོ།
ཕྱི་ལོ་ ༡༩༨༡ ལོར་དོལ་པོར་སྐུ་འཁྲུངས། ཡབ་ཀྱི་མདུན་ནས་འདོན་ཀློག་སོགས་ལ་སྦྱངས་ཤིང་འཁྲུངས་ཡུལ་གྱི་སློབ་གྲྭར་ཟླ་ཤས་འགྲིམས་ཏེ་བལ་ཡིག་སོགས་སྦྱངས་པ་མཛད། དགུང་ལོ་བཅུ་ལྷག་ལོན་སྐབས་ཡམ་བུ་རྒྱལ་སར་རུ་ ༧ སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་མཇལ་བའི་སྐལ་པ་བྱུང་ཞིང་ཁོང་གི་གདན་ས་ ༧ དཔལ་ལྡན་ཁྲི་བརྟན་ནོར་རྩེ་རུ་སྒྲིག་ཞུགས་གནང་སྟེ་རིན་པོ་ཆེའི་མདུན་ནས་དབང་ལུང་ཁྲིད་གསུམ་དང་བོན་སྤྱོད་ཉམས་ལེན་ལ་འབད་འབུངས་གནང་།
ཕྱི་ལོ་ ༡༩༩༤ ལོར་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གསར་བཙུགས་དང་བསྟུན་སློབ་ཞུགས་གནང་ཤིང་མདོ་སྔགས་སེམས་གསུམ་དང་རིག་པའི་གནས་བཅས་ལ་ཐོས་བསམ་སྦྱོང་བརྩོན་སློབ་གཉེར་མཛད་ཞོར་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་དང་གྲྭ་ཚང་གི་མགྲོན་གཉེར་དང་དྲུང་ཡིག་སོགས་ལས་འགན་ཆེ་ཕྲ་དུ་མའི་འགན་ཁུར་གནང་།
མཐར་ཕྱི་ལོ་ ༢༠༠༩ ལོར་གཡུང་དྲུང་བོན་གྱི་བླ་ཆེན་ ༧ སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་སུམ་པ་མཆོག་དང་ ༧ སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གཉིས་གཙོས་དགོན་འདིའི་མཁན་སློབ་རྣམ་པ་དབུ་བཞུགས་ཀྱི་མདུན་ནས་དགེ་བཤེས་ཀྱི་ལག་འཁྱེར་བཞེས་པའི་རྗེས་བལ་ཡུལ་བོན་པོ་ཚོགས་པའི་ཚོགས་གཞོན། སྔར་སྲོལ་གསོ་རིག་འབུམ་བཞི་སློབ་གྲྭའི་འགན་འཛིན། ༧ ཁྲི་བརྟན་ནོར་བུ་རྩེ་དགེ་རྩ་ཚོགས་པའི་ཚོགས་མི་སོགས་ཀྱི་ལས་འགན་གནང་།
དེ་བཞིན་སྔ་རྗེས་སུ་ ༧ སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་མཆོག་གི་མཛད་རྣམ་རྩོམ་སྒྲིག་པའི་ལས་དོན་གཉེར་བ་མ་ཟད། བགྲེས་པོའི་འབེལ་གཏམ་ལོ་དེབ་ཀྱི་རྩོམ་སྒྲིག་ཚོགས་མི་ལོ་ཤས་དང་རིམ་པར་ལོ་ངོ་བཅུ་ལྷག་གི་རིང་ལོ་དེབ་དེའི་གཙོ་སྒྲིག་པའི་འགན་འཁུར་ནས་ཞབས་ཞུ་བསྒྲུབས་ཞོར། ལོ་དེབ་བགྲེས་པོའི་འབེལ་གཏམ་གཙོས་བོད་ཕྱི་ནང་གི་དུས་དེབ་དང་ཚགས་ཤོག་གང་མང་སྟེང་དཔྱད་རྩོམ་དང་སྙན་རྩོམ། ལྷུག་རྩོམ་སོགས་རྩོལ་ལུས་ཅི་རིགས་ལས་གྲུབ་པའི་རྩོམ་ཡིག་དུ་མ་སྤེལ་དང་སྤེལ་བཞིན་ཡོད། དེ་བཞིན་རྒྱལ་ཕྱི་ནང་གི་ས་གནས་དུ་མར་བགྲོ་གླེང་གི་ཚོགས་འདུ་དང་རིག་གཞུང་བརྗེ་རེས་ཀྱི་ཚོགས་འདུ་འདྲ་མིན་དུ་ཡང་ཕེབས་བཞིན་ཡོད་པ་དང་།
ཕྱི་ལོ་ ༢༠༡༣ ལོར་ཡོ་རོབ་ཏུ་ཐེངས་བཞི་པར་སྐོར་བསྐྱོད་དང་འབྲེལ་བོན་གྱི་སློབ་ཚོགས་དང་ཚོགས་པ་མང་པོས་རེ་ཞུས་ལྟར་ཡོ་རོབ་ཀྱི་རྒྱལ་ཁབ་མི་འདྲ་དྲུག་གི་ནང་ཐོག་མར་ནུབ་གླིང་གི་སློབ་མ་ཚོར་སློབ་ཁྲིད་གནང་ཞིང་། ཕྱི་ལོ་ ༢༠༡༤ ལོར་ཡོ་རོབ་པོ་ལན་ཌིའི་ལིག་མིན་རྐྱའི་བོན་ཚོགས་ནས་ཡང་ཡང་རེ་ཞུས་བྱས་པ་བཞིན་བྱམས་མ་གླིང་བོན་ཚོགས་ཀྱི་བླ་མའི་འགན་འཁུར་གྱིས་ཁྱོན་མི་ལོ་བརྒྱད་ལ་ཉེ་བར་པོ་ལན་ཌའི་གཙོས་པའི་ཡོ་རོབ་ཀྱི་རྒྱལ་ཁབ་དུ་མའི་ནང་བོན་ཚོགས་ཁག་ལ་སྐོར་བསྐྱོད་ཀྱི་སློབ་ཁྲིད་དང་བོད་ཧི་མ་ལ་ཡའི་རིག་གཞུང་སོགས་ངོ་སྤྲོད་གནང་མུས་བཅས་སོ།། །།
ནང་ཆོས་ཀྱིས་མི་ཚེའི་འཚོ་བར་ཕན་ནུས་བསྐྲུན་སྟངས་སྐོར་ལ་བཅར་འདྲི།
དྲི་བ། མི་ཞིག་གི་མི་ཚེའི་བརྒྱུད་རིམ་དུ་དཀའ་སྡུག་འདྲ་མིན་ཞིག་འཕྲད་སྲིད། ཆོས་ཁས་ལེན་མིན་ལ་མ་ལྟོས་པར་དེ་དག་ལ་ནང་ཆོས་ངང་ནས་སློབ་སྟོན་དང་ཕན་ཐབས་ག་འདྲ་ཡོད།
ལན། ང་རང་ལ་སྐབས་རེ་དེ་འདྲའི་དྲི་བ་དང་སློབ་སྟོན་བྱ་རོགས་ཟེར་མཁན་འདྲ་བྱུང་བས་ངས་དེ་ཚོར། ང་ཚོའི་དཔེ་གཞུང་ནས་གསུངས་པའི་ཚེ་མི་རྟག་དང་ང་རང་ཚོའི་མི་ཚེའི་ནང་གནས་ཚུལ་ཅི་འདྲ་ཞིག་བྱུང་ནའང་དེ་དག་རྟག་པ་དང་བརྟན་པོ་མ་ཡིན་པ་རྒྱུ་མཚན་དཔེ་དང་བཅས་ཏེ་བཤད་པ་དང་། དེ་བཞིན་དཀའ་སྡུག་ཉམས་ང་ཅི་བྱུང་ཡང་རྟག་པ་དང་བརྟན་པོ་མེད་པར་ངོ་ཤེས་པའི་ཐོག་རེ་བ་བཟང་ཕྱོགས་སུ་བསྒྱུར་ནས་མདུན་བསྐྱོད་དགོས་པ་བཤད་ཀྱི་ཡོད།
དྲི་བ། དཔལ་འབྱོར་ཕོན་ཆེན་གྱིས་གྱོང་རྒུད་སྟེར་བ་དང་། བརྩེ་བའི་བཟའ་ཟླ་དང་གཅེས་པའི་དགའ་རོགས་སོགས་གློ་བུར་དུ་ཁ་བྲལ་དུ་སོང་བ། ཡང་ན་དེང་རབས་རྩེད་རིགས་ཁག་ནས་རྟིང་རྩོད་འགྲན་བསྡུར་ལས་ཕམ་པ་དང་། སློབ་ཆེན་སོགས་རྒྱུགས་སྤྲོད་ཆེན་མོ་ནས་སྐར་གྲངས་མ་ལོན་བ་སོགས་ཀྱིས་མི་མང་པོ་ལ་བསམ་ཡུལ་འདས་པའི་ཕམ་ཁ་སྟེར་ཏེ་སེམས་ནད་བརྒྱབ་པ་མང་པོ་རེད། དེ་ཚོར་ནང་ཆོས་གྱི་སློབ་གསོའི་ཐོག་ནས་སེམས་ལ་འགྱུར་བ་གཏོང་སྟངས་ཀྱི་ཐབས་ལམ་ག་འདྲ་ཡོད།
ལན། སྤྱིར་ནང་ཆོས་ནས་གསུང་པའི་བྱམས་སྙིང་རྗེ་ནང་སེམས་ཀྱི་ཉམས་ལེན་བཤད་པ་ཚང་མས་ཕན་གྱི་ཡོད་ལ། དམིགས་བསལ་དུ་ནང་སེམས་ཀྱི་ཉམས་ལེན་སྐོར་བཤད་པ་འདི་དག་གིས་ཁ་ཡོད་ལག་ཡོད་ཕན་གྱི་འདུག ཆེད་དུ་བརྗོད་ན་རྫོགས་པ་ཆེན་པོའི་གཞུང་ནས་བཤད་པའི་སེམས་འཚོལ་དང་སེམས་ངོར་བལྟ་བའི་ཉམས་ལེན་སམ་སེམས་ཀྱི་གཤིས་ལུགས་འཚོལ་བའི་གཞུང་ཚང་མས་ཕན་ཐོགས་ངེས་ཅན་བྱུང་བ་ཕྱི་གླིང་བའི་སློབ་མ་མང་པོ་ནས་ཐོས།
དྲི་བ། དེང་སྐབས་མི་རྣམས་ཚང་མ་ལས་བྲེལ་ཆེ་རིམ་བཞིན་མིའི་སྤྱི་ཚོགས་སུ་སེམས་ནད་ཡོད་མཁན་ཇེ་མང་དུ་འགྲོ་བཞིན་དག་ལ་ནང་ཆོས་ཀྱི་ཐད་ནས་སྔོན་འགོག་གི་ཐབས་ལམ་ག་འདྲ་ཡོད།
ལན། སྤྱིར་ཆོས་ཀྱི་བསླབ་བྱ་སྤྱི་ནང་བྱེ་བྲག་ནང་ཆོས་ནས་བཤད་པའི་འདོད་ཆུང་ཆོག་ཤེས་དང་། བྱམས་སྙིང་རྗེ། རང་ལས་གཞན་གཅེས་དགོས་པ་དང་། ང་འཛིན་ནམ་རང་གཅེས་འཛིན་བྱེད་པ་ཉུང་དུ་གཏོང་ཐབས་ཀྱི་སྐོར་སློབ་གསོ་དང་ཉམས་ལེན་དེ་ཚོས་ཕན་གྱི་ཡོད་ས་རེད། སེམས་ནད་བྱུང་བའི་རྒྱུ་རྐྱེན་སྣ་ཚོགས་ཡོད་པས་ནང་ཆོས་ནས་བཤད་པ་བཞིན་རྩ་བ་མ་རིག་པ་དང་བདག་མེད་མ་རྟོགས་པའི་དབང་གིས་དགྲ་གཉེན་ཆགས་སྡང་སྣ་ཚོགས་འཛིན་ཞིང་སེམས་ལ་མཐའ་མེད་པའི་འདོད་སེམས་སྐྱེ་ཡི་ཡོད་པ་དང་། མངོན་འདོད་དེ་དག་རང་གི་འདོད་ཐོག་ཏུ་མ་བྱུང་བ་ལ་བརྟེན་ནས་སེམས་ནད་སྣ་ཚོགས་ཤིག་ཡོང་གིན་ཡོད་པ་འདྲ། དེ་མེད་པར་བཟོ་བའམ་ནུས་པ་ཆུང་ཆུང་དུ་གཏོང་ཆེད་དེའི་གཉེན་པོ་ཟབ་མོ་སྟོང་པ་ཉིད་ལ་སྒོམ་ཉམས་ལེན་བྱ་རྒྱུའི་སློབ་གསོའམ་མདོར་ན་སེམས་ཞི་བར་གནས་ཐབས་སམ། སེམས་མ་བཅོས་པར་གནས་ཐབས་ཀྱི་སྔགས་སེམས་ཀྱི་གཞུང་ཟབ་མོའི་སློབ་གསོ་དེ་ཚོས་སྔོན་འགོག་དང་གཏན་འགོག་ནུས་པ་གཏན་ཁེལ་བྱེད་ཐུབ་རྒྱུ་རེད།
དྲི་བ། འཛམ་གླིང་གི་ས་གནས་གང་སར་ཁོར་ཡུག་སྲུང་སྐྱོབ་མ་ཐུབ་པའི་རྐྱེན་གྱིས་མེས་འཚིག་པ། ཆུ་ལོག་རྒྱུག་པ། རླུང་ཆེན་གཡོས་པ། གངས་འཁྱགས་ཞུ་བ་སོགས་རང་བྱུང་གི་འཇིགས་པ་ཇེ་མང་དུ་འགྲོ་བ་དག་ལ་ནང་ཆོས་ཀྱི་ངང་ནས་སྔོན་འགོག་སློབ་སྟོན་ག་འདྲ་བྱས་ཡོད་དམ།
ལན། ནང་ཆོས་ནས་གསུང་པའི་དགེ་སྡིག་སྤང་བླང་བསླབ་བྱ་དག་གིས་ཁོར་ཡུག་སྲུང་སྐྱོབ་ཐད་ལ་ཕན་ཐོགས་ངེས་ཅན་ཡོད་ལ། དམིགས་བསལ་བོད་རང་གི་ཕ་མེས་ཀྱི་ཆོས་ལུགས་བོན་ཆོས་ཀྱི་གཏོ་སྐུ་རིམ་དང་མངོན་པར་མི་གསལ་བའི་ཚུལ་དུ་གནས་པའི་འབྱུང་བ་ལྔར་གནས་པའི་ལྷ་ཀླུ་གཉན་པོ་སོགས་ལ་དད་མོས་དང་ཡིད་ཆེས་གསོལ་མཆོད་བྱེད་ཐབས་ཀྱི་སྐོར་དཔེར་ན་ས་བདག་ཉེ་ལམ་སྡེ་བཞི་དང་། ཀླུ་འབུམ་དཀར་ནག་ཁྲ་གསུམ་སོགས་དེ་དག་ཚང་མ་དེང་སྐབས་ལྟར་བཤད་ན་ཁོར་ཡུག་སྲུང་སྐྱོབ་སྐོར་སློབ་སྟོན་རང་རེད་འདུག་དྲན། དེ་བཞིན་ང་རང་ཆུང་དུས་སྐབས་ཕ་མ་དང་མི་རྒན་བགྲེས་ཚོས་བསླབ་བྱ་ལ་ཤིང་གཉེན་བཅད་ན་ས་བདག་ཀླུ་ལ་ཕོག་ཐུག་ཏུ་འགྲོ་བས་ངེས་པར་འཛེམ་དགོས་པ་དང་། རི་བོའི་རྩེ་ནས་དོན་མེད་ཀྱི་ཀི་སྒྲ་རྒྱག་མི་ཉན་པ། ཆུ་བོའི་ཞུང་ལ་མི་གཙང་བའི་རིགས་དོར་མི་ཉན་པ་སོགས་བསླབ་མྱོངས་བ་དེ་དག་ནང་ཆོས་དང་འབྲེལ་བའི་ཁོར་ཡུག་འབག་རྩོག་མི་གཏོང་བའི་བསླབ་བྱ་རང་རེད་འདུག ང་རང་ཡང་སྔ་རྗེས་ཐེངས་རེ་གཉིས་ཤིག་ལ་རྒྱ་གར་དང་བལ་ཡུལ་དུ་ཁོར་ཡུག་གི་ཚོགས་འདུར་བཅར་མྱོང་བ་དང་དེར་དེ་འདྲ་རང་བསམ་ཚུལ་ཞུ་མྱོང་ཡོད།
དྲི་བ། སྙིང་རྗེ་སྒོམ་པ་དང་། བྱམས་བརྩེ་སྒོམ་པ། སྟོང་ཉིད་སྒོམ་པ་བཅས་ཀྱིས་མི་ཚེའི་འཚོ་བ་དང་ཉིན་རེའི་འཚོ་བར་བདེ་སྐྱིད་བསྐྲུན་སྟངས་ག་འདྲ་ཡིན་ནམ།
ལན། འོ་་་། མི་ཚེའི་འཚོ་བ་སྣ་ཚོགས་ནང་ཉམས་ལེན་འདི་དག་ཕྲན་བུ་རེ་བྱ་ཐུབ་ན་ཕན་ཐོགས་གལ་ཆེན་ཡོང་གི་ཡོད། མི་དཀྱུས་མ་ཚོར་བཟའ་ཚང་ཁ་ཐོར་འགྲོ་བ་དང་། ཕ་མ་དང་བུ་ཕྲུག་བར་བརྩེ་གདུང་དབེན་པ་དང་ལས་རོགས་དང་ཚོང་རོགས་དབར་བཟོད་སྒོམ་ཉུང་བ། རོགས་དང་ནང་མིའི་བར་བསམ་ཚུལ་མི་འདྲ་བའི་དབང་གིས་དཀའ་ངལ་སྣ་ཚོགས་ཡོང་གིན་ཡོད་པ་དག་ལ་གོང་གི་ཉམས་ལེན་འདི་ཚོས་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་གལ་ཆེན་ཡོང་གི་ཡོད་འདུག
དཔེར་ན། སྟོང་པ་ཉིད་སྒོམ་པས་སེམས་པ་གུ་ཡངས་དུ་གཏོང་ཐུབ་པ་དང་། སྙིང་རྗེ་སྒོམ་པས་རང་ལ་དཀའ་སྡུག་ཅི་འདྲ་བྱུང་བ་བཞིན་གཞན་ལ་གནོད་སེམས་བྱས་ན་གཞན་དེ་ལ་དཀའ་སྡུག་ཡོང་གི་ཡོད་པ་ཤེས་པ་དང་། བྱམས་བརྩེ་སྒོམ་པས་གཞན་ལ་གཅེས་པར་འཛིན་པ་གལ་ཆེན་ཡིན་པ་སོགས་ཤེས་ནུས་པའི་ཉམས་མྱོང་ལ་རྟེན་ནས་ནང་མི་དང་གྲོགས་ཕན་ཚུན། སྤྱི་ཚོགས་ནང་བདེ་སྐྱིད་རང་བཞིན་གྱི་ཡོང་གིན་ཡོད། གལ་ཏེ་སྙིང་རྗེ་དང་བྱམས་པ་དང་བརྩེ་བ་འདི་དག་ལ་ནམ་རྒྱུན་བློ་སྦྱོང་བྱེད་ན་ད་གཟོད་སེམས་པ་གུ་ཡངས་གཏོང་ཐུབ་པ་དང་། སེམས་ཅན་ཐམས་ཅད་ལ་མ་བྱུང་ནའང་མཐའ་ན་རང་གི་ཉེ་འཁོར་དང་ནང་མི་ལས་རོགས་སོགས་ལ་སྔར་བས་བྱམས་པ་ཆེ་རུ་གཏོང་ནུས་པ་དང་། རང་ལས་གཞན་གཅེས་པའི་བསམ་བློ་ཡོད་པ་བཟོ་ཐུབ་པ། ལྷད་མེད་ཀྱི་བརྩེ་བ་ཟབ་ཏུ་འགྲོ་བ་དང་། ཟབ་མོ་སྟོང་ཉིད་སྒོམ་པས་སེམས་པ་ལྷོད་དལ་སླེབ་པའམ་ཡུན་རིང་སྡུག་བསྔལ་གྱིས་མནར་བའི་སེམས་ལ་ངལ་གསོ་བཟོ་ཐུབ་པ་སོགས་ཏན་ཏན་ཡོང་གི་འདུག
དྲི་བ། ནང་ཆོས་ཀྱི་སློབ་གསོ་དེ་ཆོས་ལུགས་མེད་མཁན་ཞིག་ཡིན་ཚེ་དང་ལེན་བྱ་ཐབས་ཡོད་དམ། ཆོས་ལུགས་མེད་མཁན་ཚོར་མི་ཚེའི་དཀའ་ངལ་ནང་ཆོས་ཀྱི་སེལ་ཐབས་ཡོད་དམ།
ལན། ཆོས་ལུགས་ཁས་མི་ལེན་མང་པོ་ཞིག་ཤེས་ཡོན་ཅན་དང་རིག་པ་དང་རྒྱུ་མཚན་ལ་ངོས་ལེན་བྱ་མཁན་དེ་འདྲ་རེད་འདུག་བསམ། དེ་འདྲ་ཡིན་དུས་ཁོང་ཚོར་རྒྱུ་མཚན་དང་བཅས་ཏེ་གསལ་བཤད་བྱས་ན་ངོས་ལེན་བྱེད་པ་དང་། ནང་ཆོས་ནས་གསུང་པའི་སློབ་གསོ་དེ་དག་ལ་འགྲེལ་བཤད་རྒྱུ་མཚན་དཔེ་དང་། རང་གི་ཉམས་མྱོང་དང་བཅས་ཏེ་བཤད་ན་ངོས་ལེན་བྱ་ངེས་རེད་བསམ།
དྲི་བ། ད་ལན་དྲི་བ་འདི་བརྒྱུད་ནས་སྐུ་ཉིད་ལ་ནང་ཆོས་ཀྱིས་མི་ཚེའི་འཚོ་བར་ཕན་ནུས་བསྐྲུན་སྟངས་དེང་རབས་ན་གཞོན་ཚོར་ཕན་པའི་དགོངས་འཆར་ག་འདྲ་ཡོད་ན་གསུངས་རོགས།
ལན། དམིགས་བསལ་ང་ལ་བསམ་ཚུལ་དེ་འདྲ་ཞུ་རྒྱུ་མེད་ཀྱང་རང་ཉིད་ནང་པ་ཡིན་པར་རློམ་པ་དག་གིས་རང་ཉིད་ནང་པའི་ང་རྒྱལ་ཙམ་འཛིན་ནས་སྡོད་རྒྱུ་མ་ཡིན་པར་གསུང་རབས་ནས་གསུངས་པའི་སླབ་བྱ་དག་ལ་ཉམས་ལེན་ཕྲན་བུ་རེ་བྱས་ན་འགྲན་རྩོད་ཆེ་བའི་མི་ཚེའི་འཚོ་བའི་ནང་གཏན་གཏན་ཕན་ཐོགས་གལ་ཆེན་ཡོང་བས་ཐུགས་ལ་འཇོག་རོགས་གནང་ཞུ་རྒྱུ་ཡིན།། བཀའ་དྲིན་ཆེ།།