འཛམ་བུ་གླིང་དུ་སྐད་རིགས་སུམ་བརྒྱ་དྲུག་ཅུའི་བོན་བསྟན་ཞེས་པའི་དོན་གང་ཡིན།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། མཆོག་རྒྱལ།
དྲི་བ། འཛམ་བུ་གླིང་དུ་སྐད་རིགས་སུམ་བརྒྱ་དྲུག་ཅུའི་བོན་བསྟན་ཞེས་པའི་དོན་གང་ཡིན།
ལན། དེའང་གཡུང་དྲུང་བོན་གྱི་བསྒྲགས་བྱང་ལས། “དེ་ཡང་ལྷོ་འཛམ་བུ་གླིང་དུ་སྐད་རིགས་མི་མཐུན་པ་སུམ་བརྒྱ་དྲུག་ཅུའི་ཡུལ་དུ་བོན་རང་འགྱུར་གྱི་བསྟན་པ་རེ་རེ་བཞག་པ་ནི། ཞང་ཞུང་གི་ཡུལ་དུ་ཞང་ཞུང་གི་བོན་པོ་སྟོང་རྒྱུང་མཐུ་ཆེན་ལ། ཕྱི་དོན་དུ་མུ་དམར་གསེར་ཙོས་བསྟན་པ་བསྲུང་བ་དང་། ནང་དོན་འབྲས་བུ་ཆུད་མི་ཟ་བར་གཡུང་དྲུང་གི་བོན་གཏན་ལ་ཕབ། སྟག་གཟིག་གི་ཡུལ་དུ་ཟ་རང་མེ་འབར་ལ་ཕྱི་དོན་ནང་དོན་གཉིས་ཀ་བསྟན། དེ་བཞིན་ཕྲོམ་གྱི་ཡུལ་དུ་ཕྲོམ་བོན་མཐུ་ཆེན་ལ་བསྟན། རྒྱ་གར་གྱི་ཡུལ་དུ་རྒྱ་གར་ལྷ་བདག་སྔགས་དྲོ་ལ་བསྟན། རྒྱ་ནག་གི་ཡུལ་དུ་ལེགས་ཏང་རྨང་པོ་ལ་བསྟན། ཁ་ཆེའི་ཡུལ་དུ་ཁ་ཆེའི་བོན་པོ་སེ་གུང་སྟོང་སྟང་ལ་བསྟན། ཟ་ཧོར་གྱི་ཡུལ་དུ་ཟ་ཧོར་གྱི་བོན་པོ་ལྷ་བོན་ལྷ་སྙ་ལ་བསྟན། ཨོ་རྒྱན་གྱི་ཡུལ་དུ་ཨོ་རྒྱན་གྱི་བོན་པོ་མཚོ་ལྷ་ལ་བསྟན། བལ་པོའི་བོན་པོ་ལེགས་ཐང་ལ་བསྟན། ཕྱི་དོན་བལ་པོའི་ཐུན་སྔགས་དང་ནང་ངེས་དོན་དུ་བསྟན། སུམ་པའི་ཡུལ་དུ་སུམ་པའི་བོན་པོ་དྲུང་མུ་ཕྱོ་སངས་ལ་བསྟན། སེ་ཤའི་ཡུལ་དུ་སེ་བོན་གནམ་ལྕགས་ལ་བསྟན། འཇང་གི་ཡུལ་དུ་འཇང་ཚ་འཕན་སྣང་ལ་བསྟན། མེ་ཉག་གི་ཡུལ་དུ་མེ་ཉག་གི་བོན་པོ་སྤེ་ནེ་ར་རྩེ་ལ་བསྟན། ཕྱི་དོན་སྤྲེའུ་གྲུམ་པ་བགྲང་པ་དང་། ནང་དོན་གཡུང་དྲུང་གི་སྙིང་པོ་བསྟན། བོད་ཀྱི་ཡུལ་དུ་ཕ་བ་མཚེ་གཅོ་ལ་དཔོན་གསས་ཀྱི་བསྟན་པ་བཞག དེ་ལྟར་སྐད་རིགས་མི་མཐུན་པ་ལ་ཕྱི་ནང་གི་བྱེ་བྲག་མ་ནོར་བར་རང་རང་གི་སྐད་དུ་བསྟན་པ་བཞག” ཞེས་གསུངས་པ་ལྟར་ལགས་སོ།། །།