འབྱུང་ལྔས་ལུས་བསྐྱེད་ཚུལ།
མཛད་པ་པོ། སྟོན་པ་ཐུགས་རྗེ་ཅན།
མདོ་གཟེར་མིག་སྟོན་པ་སྐུ་སྐྱེ་བ་བཞེས་པའི་ལེའུ་ལས། “དེ་ནས་ལུས་པོ་རྩ་ཆེན་པོ་བཞི་ཡིས་བསྡུས་ནས། འབྱུང་བ་བཞི་གཅིག་ཏུ་ཕུངས་སོ། དེ་ནས་བཞི་བསྡུས་ཀྱི་ཕུང་པོར་ཐོགས་སོ། །འབྱུང་བ་བཞི་ལ་ཡང༌། རླུང་གིས་སྤྱིར་ཕུང་པོ་ལ་ཁྱབ་པར་གནས་ཀྱང༌། རྟེན་ཅིང་འདེགས་པའི་རླུང་གིས་བུས་སོ། །དེ་ནས་དགུང་ཟླ་ངོ་ལྔ་ལོན་ནས། མ་ཡང་ཉམ་ཆུང་ཞིང་སྐྱུར་འདོད་དོ། །
བུའི་སེམས་ཀྱང་འབྱུང་བ་ཆེན་པོ་བཞིས་བགོས་པས། ལུས་ལ་ཆ་མཉམ་མོ། །རྩ་རྣམ་པ་ལྔ་ལ་ཡང༌། ནང་ཁྲོལ་རྣམ་པ་ལྔ་དང༌། །དབང་པོ་རྣམ་པ་ལྔ་ཆགས་སོ། ནང་ཁྲོལ་རྣམ་པ་ལྔ་ལས་སྙིང་ཆགས་པ་སྔའོ། །དབང་པོ་རྣམ་པ་ལྔ་ལས་མིག་ཆགས་པ་སྔའོ། །འབྱུང་བ་རྣམ་པ་ལྔ་ལས་ནམ་མཁའ་ཆགས་པ་སྔའོ། །ནམ་མཁས་གོ་ཕྱེའོ། །ཕུང་པོ་ལ་རླུང་གིས་སྤྱིར་ཁྱབ་པར་གནས་ཏེ། རྟེན་ནང་ཁྲོལ་གློ་བ་ལ་བཅས། སྒོ་སྣ་ལ་དོད། གློ་བ་དང་སྣ་གཉིས་འདྲ་བ་དེ་ལྟར་ལགས་སོ། མེས་ཕུང་པོ་ལ་སྤྱིར་ཁྱབ་པར་གནས་སོ། །རྟེན་སྙིང་ལ་བཅས་སོ། །སྒོ་མིག་ལ་དོད་དོ། །སྙིང་ཟླུམ་པོར་འདུག་པས་མིག་ཀྱང་ཟླུམ་པོར་འདུག་པའོ། །ཤུན་པ་རྣམ་པ་གསུམ་གྱིས་བརྒྱན་ནས་བཀྲ་བ་སྟེ། མིག་ཀྱང་དང་པོ་དམར་ཤ་བ། དེ་ནས་དཀར་ཤ་བ། དེ་ནས་སེར་ཤ་བ། དེ་ནས་ནག་ཤ་བ། མིག་ཀྱང་དེ་ལྟར་བཀྲ་བ་ལགས་སོ། །ཆུས་ལུས་ལ་སྤྱིར་ཁྱབ་པར་གནས། རྟེན་མཁལ་མ་ལ་བཅས་སོ། །སྒོ་རྣ་བ་ལ་དོད་དོ། མཁལ་མ་དང་རྣ་བ་གཉིས་འདྲ་བ་དེ་ལྟར་ལགས་སོ། །སས་ཕུང་པོ་ལ་སྤྱིར་ཁྱབ་པར་གནས། །རྟེན་མཆིན་པ་ལ་བཅས་སོ། །སྒོ་ལྕེ་ལ་དོད་དོ། །མཆིན་པ་དང་ལྕེ་འདྲ་བ་དེ་ལྟར་ལགས་སོ། །ནད་འདུ་བ་རྣམ་བཞི་ལ། ཁྲག་རླུང་བད་མཁྲིས་བཞི་ཡང༌། འབྱུང་བ་བཞི་ལ་ཆ་མཉམ་གྱིན་རྟེན་བཞི་ལ་སྒོ་གནས་སོ། །ནང་ཁྲོལ་རྣམ་པ་ལྔ་མཚེར་པའི་རྩ་ལག་གིས་བསྡུས། མཚེར་བའི་རྩ་ལས་ལུས་ཀྱི་དབང་པོ་ཆགས་སོ། །འདུ་བ་རྣམ་པ་བཞི་ཀ་འདུས་ན། བ་སྤུའི་རྐྱ་ལོག་ནས་འཆི་བའོ། །སྒོ་ཕྱིའི་བ་སྤུ་ལ་དོད་དོ། །ལྟེ་བའི་རྩ་གཅིག་གྱེན་ལ་སོང་བ་ལས། ཀླད་པའི་རྒྱ་མཚོ་ཆགས་སོ། །རྩ་གཅིག་བར་དུ་སོང་བ་ལས། ཁྲག་གི་རྒྱ་མཚོ་ཆགས་སོ། །རྩ་གཅིག་ཐུར་དུ་སོང་བ་ལས། ཆུའི་རྒྱ་མཚོ་ཆགས་སོ། །རྒྱུ་དུག་གསུམ་གྱི་རྩ་བ་བྱས་ཏེ། གཏི་མུག་ཀླད་པ་ལ་གནས། ཞེ་སྡང་ཁྲག་ལ་གནས། འདོད་ཆགས་གསང་བ་ལ་གནས། དེ་ལྟར་དགུང་ཟླ་ངོ་ལྔ་ལ་ཕུང་པོ་རྣམ་པར་སྨིན་ནོ། །འབྱུང་བ་རྣམ་ལྔས་ཤ་ཁྲག་གི་ཚད་བསྙམས་ནས། །དགུང་ཟླ་དགུའི་བར་དུ་ཕུང་པོ་དེ་ལྟར་སྐྱེས་སོ། །” ཞེས་གསུངས་སོ།། །།