ཞེ་སྡང་ལམ་ཁྱེར་དང་སྤོང་བསྒྱུར་གྲོལ་གསུམ་སོགས་ཀྱི་སྐོར་ལ་དྲི་བ།
རྩོམ་བྲིས་པ། མཁན་པོ་དགེ་བཤེས་དགེ་ལེགས་སྦྱིན་པ་སོགས། དྲི་བ་གཏོང་མཁན། མི་བོ་ལུམ་ལུམ།
དྲི་བ། གསང་སྔགས་ལས་ཞེ་སྡང་ལམ་ཁྱེར་སོགས་ཀྱི་སྐབས་ལམ་ཁྱེར་དང་། སྤྱིར་སྤོང་བསྒྱུར་གྲོལ་གསུམ་སྐབས་གྱི་བསྒྱུར་བ་སོགས་ལ་ཁྱད་པར་གང་ཡོད། ལམ་དུ་ཁྱེར་ཚུལ་དང་བསྒྱུར་ཚུལ་ཇི་ལྟར་ཡིན།
ལན། སྟོན་པ་དེས་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་གདུལ་བྱ་བློ་རབ་འབྲིང་ཐ་མ་གསུམ་ལ་དགོངས་ཏེ་ཕྱི་སྤོང་ལམ་མདོ་ཡི་བསྟན་པ་དང་། ནང་སྒྱུར་ལམ་གསང་བ་སྔགས་ཀྱི་བསྟན་པ། གསང་བ་གྲོལ་ལམ་བླ་མེད་རྫོགས་པ་ཆེན་པོའི་བསྟན་པ་རྣམས་རྗེས་བཞག་གནང་། སྤོང་སྒྱུར་གྲོལ་གསུམ་གྱི་དོན་ནི། སྤྱིར་སེམས་ཅན་ཐམས་ཅད་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པ་ལ་སྤང་བྱ་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་གཉིས་བྱང་ཞིང་དག་དགོས་པས། སྒྲིབ་པ་དེ་ཉིད་སྦྱོང་ཚུལ་ལ་ཉེས་པ་ལ་ཉེས་དམིགས་སུ་ལྟ་སྟེ་སྒྲིབ་གཉིས་སྤོང་བྱེད་ཀྱི་གཉེན་པོ་ཡེ་ཤེས་རྒྱུད་ལ་བསྟེན་པའི་ཆ་ནས་ཕྱི་སྤོང་ལམ་མདོ་ཞེས་བརྗོད། དཔེར་ན་བདག་འཛིན་གྱི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་དང་། ཞེ་སྡང་གི་གཉེན་པོ་བྱམས་པའམ་སྙིང་རྗེ། འདོད་ཆགས་ཀྱི་གཉེན་པོ་ཆགས་མེད། རྟག་འཛིན་གྱི་གཉེན་པོ་མི་རྟག་པ་རྟོགས་པའི་ཤེས་རབ་རྒྱུད་ལ་བསྟེན་པ་ལྟ་བུའོ། །དེའང་ལྟ་བ་ཁྱུང་ཆེན་གཡུང་དྲུང་གསང་བའི་རྒྱུད་ ༣༠ ལས། “མ་རིག་རྣམ་པར་རྟོག་པ་ལས། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་རྒྱས། །དེ་ཉིད་འདུལ་བའི་གཉེན་པོ་རུ། །བོན་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས། །དེ་ཡིས་འདུལ་ལུགས་འདི་ལྟར་ཏེ། །སྤྱིར་ན་འཆི་བའི་དུག་ཉིད་ལ། །སྤང་བར་བྱེད་པའི་གཉེན་པོ་ནི། །ལ་ལས་དུག་ལ་དུག་ཉིད་དུ། །ངོ་ཤེས་མེ་ལ་བསྲེག་པ་དང་། །ཆུར་བསྐྱུར་ས་འོག་འཛུད་པ་ལྟར། །ཐེག་པ་ལ་ལས་ཉོན་མོངས་ལྔ། དུག་བཞིན་དུ་ནི་སྤོང་བྱེད་ཅིང་། །གཉེན་པོའི་ཡེ་ཤེས་རྒྱུད་ལ་བསྟེན། །” ཞེས་གསུངས།
སྒྱུར་ལམ་ཞེས་པའི་དོན་ནི། ཉེས་པ་ལ་ཉེས་དམིགས་སུ་མི་ལྟ་བར་སྒྲིབ་པ་གཉིས་པོ་བསྒྱུར་བྱ་རུ་བཟུང་སྟེ། སྒྱུར་བྱེད་ཀྱི་ཐབས་ཟབ་མོ་གསང་བ་སྔགས་ཀྱི་ལམ་རིམ་པ་གཉིས་༼བསྐྱེད་རིམ་དང་རྫོགས་རིམ་༽ཀྱི་སྒོ་ནས་ཉོན་མོངས་ཡེ་ཤེས་སུ་བསྒྱུར་བ་དང་། ཕྱི་སྣོད་དག་པ་ལྷ་ཡི་གཞལ་ཡས་སུ་བསྒྱུར་བ། ནང་བཅུད་དག་པ་སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དུ་མོས་པས། འབྲས་བུ་མཐར་ཐུག་ཡི་དམ་གྱི་གོ་འཕང་རིན་པོ་ཆེ་འཐོབ་པར་བྱེད་པའོ། །དེ་ཡང་། “ཐབས་ཆེ་སྒོ་ཡངས་གསང་སྔགས་རིན་པོ་ཆེ།” ཞེས་གསུངས། དཔེར་ན་དུག་ལ་སྔགས་བཏབ་ནས་སྨན་འགྱུར་བའམ། རས་དཀར་སྔོན་པོར་བསྒྱུར་བ་བཞིན་ནོ། །ཡང་ལུང་དེ་ཉིད་ལས། “ལ་ལས་དུག་ནི་བཅོས་བསྒྱུར་བཞིན། །སྒྱུར་བར་བྱེད་པའི་གཉེན་པོ་ནི། །དུག་ལ་སྔགས་བཏབ་སྨན་བསྒྱུར་བཞིན། །དུག་ལྔ་ཡེ་ཤེས་བསྒྱུར་བའོ། །”ཞེས་གསུངས་པ་དེ་དག་གིས་ངེས་སོ། །
གྲོལ་ལམ་ཞེས་པའི་དོན་ནི། སྒྲིབ་པ་གཉིས་པོ་སྤོང་བསྒྱུར་གང་ཡང་མི་བྱེད་པར་ཤེས་བྱ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་བོན་ཐམས་ཅད་གཞི་ཡེ་གྲོལ་ཆེན་པོའི་ཀློང་དུ་ལ་བཟླས་ཏེ། རང་གིས་རྩ་བའི་བླ་མའི་བརྡ་ཐབས་རྟེན་འབྲེལ་གྱི་གནད་ལ་བརྟེན་ནས་གཞི་ཡི་གནས་ལུགས་ངོ་འཕྲོད་པ་དང་རྩལ་ཤར་གྱི་རིག་པའི་ཡེ་ཤེས་རང་རྒྱུད་ལ་བརྙེས་པས། ལམ་ཁྲེག་ཆོད་དང་། ཐབས་ཐོད་རྒལ་གྱི་ཉམས་ལེན་གཉིས་ཟུང་དུ་འབྲེལ་བས་སྒྲིབ་གཉིས་མུན་པའི་ཚོགས་རྣམས་དཔེར་ན་ནམ་མཁའ་ལ་སྤྲིན་དེངས་པའམ། ཉི་མ་ཤར་ནས་མུན་པ་རང་བཞིན་གྱིས་སོང་བ་བཞིན་རང་ཞི་རང་གྲོལ་དུ་སོང་བ་དང་། ཕྱི་གདོས་བཅས་ཀྱི་ཕུང་པོ་ཀ་དག་འོད་གསལ་ཆེན་པོའི་ཀློང་དུ་རང་སར་དེངས་ནས་འཇའ་ལུས་འཕོ་བ་ཆེན་པོའི་འོད་སྐུ་མངོན་དུ་བྱས་ཏེ་སྐུ་གསུམ་སངས་རྒྱས་ཀྱི་རྒྱལ་སར་གཤེགས་པའོ།། ཡང་ལུང་དེ་ཉིད་ལས། “རྨ་བྱས་དུག་ལ་དུག་ཉིད་དུ། །ངོ་ཤེས་པས་ནི་ཟོས་གྱུར་པས། །གཟུགས་མདངས་རྒྱས་ཤིང་སྡུག་པ་ལྟར། །ཉོན་མོངས་དུག་ལྔ་དབང་དུ་བྱས། །དུག་ལྔ་སྤང་བར་མི་བྱའོ། །” ཞེས་གསུངས་སོ།། །།
_____མཁན་པོ་དགེ་བཤེས་དགེ་ལེགས་སྦྱིན་པ།
ཞེ་སྡང་ཀྱི་ཡུལ་ལ་མི་བརྟག་པར་ངོ་བོ་ལ་བརྟག་ཚེ་ཞེ་སྡང་ནི་བྱུང་གནས་ཐིམ་གསུམ་བྱེད་ས་རང་སེམས་སྟོང་པའི་ངང་ལས་མ་གཏོགས། བྱུང་ས་དང་གནས་ས། ཐིམ་ས་གང་ཡང་མེད་པས་རང་སེམས་སྟོང་པའི་བདག་ཉིད་དམ་དེའི་རང་བཞིན་ལས་མི་གཞན་པ་ཡིན་པ་ལ་ཡིན་པ་ཤེས་ན་གསང་སྔགས་ཀྱི་འབྲས་བུ་སྒྲུབ་པའི་ལམ་དུ་གྱུར་པ་དང། ལམ་དེ་མྱུར་དུ་སྐྱེ་བའི་ཆ་ཅན་ནམ་རྐྱེན་སྟོབས་ཆེན་ཡིན་པས་ཞེ་སྡང་ལམ་ཁྱེར་དང་། མ་དག་པའམ་གསང་སྔགས་ཀྱི་གནས་ལུགས་མ་རྟོགས་པའི་གང་ཟག་གི་ལས་སྣང་དབང་གིས་རང་ལ་ཤར་བའི་སྣང་ཞིང་སྲིད་པའི་བོན་ཐམས་ཅད་རང་སེམས་བོན་སྐུ་ཐིག་ལེ་ཉག་གཅིག་གི་རང་བཞིན་ནམ་བདག་ཉིད་ཡིན་པ་ལ་ཡིན་པར་མ་ཤེས་ནས། རང་གི་སེམས་ཉིད་ལས་ལོགས་སུ་ཡོད་པ་དང་ལོག་པར་སྣང་བར་བཟུང་བའི་སྣང་ཞིང་སྲིད་པའི་བོན་རྣམས་རང་སེམས་བོན་སྐུ་ཐིག་ལེ་ཉག་གཅིག་གི་བདག་ཉིད་ཡིན་པ་ལས་མི་གཞན་པ་རྟོགས་པའི་གསང་སྔགས་ཀྱི་ལམ་དག་པའི་སྣང་ལ་བསྒྱུར་བས་ན་སྤང་བསྒྱུར་གྲོལ་གསུམ་གྱི་སྐབས་ནས་བསྟན་པའི་བསྒྱུར་ཚུལ་ལ་འཇོག་དགོས་པ་མིན་ནམ་སྙམ།
_____ཁྱུང་ཡེ་ཤེས་རྒྱལ་བ།
གསང་སྔགས་ལས་ཞེ་སྡང་ལམ་ཁྱེར་དང་། སྤོང་བསྒྱུར་གྲོལ་གསུམ་གྱི་བསྒྱུར་ལམ་གཉིས་དོན་གཅིག་པར་སེམས་ལ། དེའང་ཞེ་སྡང་ལམ་དུ་ཁྱེར་ཚུལ་དང་ཞེ་སྡང་ལམ་དུ་བསྒྱུར་ཚུལ་ཇི་ལྟར་ཡིན་ཞེ་ན། གསང་སྔགས་ནང་པ་བས་ཕུར་པ་ལས་གསུངས་པ་ལྟར་ཞེ་སྡང་གི་གཉེན་པོར་ཞེ་སྡང་གི་ལྷ་བཞེངས་ནས་ཞེ་སྡང་ལམ་དུ་བསྒྱུར་བ་ཡིན་ནོ།། དེ་ཡི་ཚུལ་སྟག་ལས་མཛད་པའི་དོན་བསྡུས་རྩ་བའི་འགྲེལ་ཆེན་ལས། གདུལ་བྱ་འདུལ་བ་ལ་དགོངས་ནས་བཞེངས་པ་ནི། ཐུགས་ཡེ་ཤེས་ཀྱི་རྫུ་འཕྲུལ་ཆགས་སྡང་རྣམ་པར་དག་ཅིང་། བག་ཆགས་སྐྱོན་གྱིས་མ་གོས་པས། ཉོན་མོངས་པ་ཆགས་སྡང་ལོག་རྟོག་ང་བདག་གི་གཉེན་པོར། དཔེར་ན་དྲི་མས་དྲི་མ་འཁྲུད་ཅིང་ཀྱི་ཁུས་ཀྱི་ཁུ་འབྱིན་པ་ལྟར། ཉོན་མོངས་པ་ཉིད་ཀྱིས་ཉོན་མོངས་པ་འདུལ་བའི་ལྷར་བཞེངས་པའོ།། ཚུལ་ལམ་ཐབས་ཅི་༼ཇི༽ལྟར་བཞེངས་པ་ནི། ཏིང་ངེ་འཛིན་དང་། ཚིག་བཤད་དང་། སྔགས་དང་། ཕྱག་རྒྱའོ།། དེ་ལ་ཏིང་ངེ་འཛིན་གྱིས་བཞེངས་པ་ནི། དཔེར་ན་ནམ་མཁའ་བར་སྣང་སྟོང་པ་ལ། རླུང་དམར་ལོང་ནས་ས་གཞི་ས་དྲིལ་ཏེ་བསྐྱོད་པ་ལྟར། སྤྲུལ་པ་ཡེ་ཤེས་ཀྱི་ཁྲོ་བོ་ཡབ་ཡུམ་འཇིགས་ཚོགས་དང་བཅས་པ་རྣམས། རང་རང་གི་གདན་ཨེ་ཀློང་གི་དཀྱིལ་འཁོར་ནས་བཞེངས་པར་བསྒོམ་པའོ།། ཞེས་གསུངས་པ་ལྟར་ཞེ་སྡང་གི་གཉེན་པོ་རུ་ཞེ་སྡང་གནས་དག་གི་ལྷ་བསྒོམ་པ་ནི་ཞེ་སྡང་ལམ་ཁྱེར་རམ་ཞེ་སྡང་བསྒྱུར་ལམ་དུ་བྱེད་པའི་དོན་ཡིན་པར་སེམས་སོ།།
_____དགེ་བཛྲ་གུ་རུ།