མུ་ཟི་གསལ་བཟང་འགོག་པ་ལ་མི་ལོ་སྟོང་དང་བརྒྱད་བརྒྱར་བཞུགས་པར་གྲགས་པ་དེ་བདེན་པ་ཡིན་ན་ཡིན་ཚུལ་ཇི་ལྟར་འགྲེལ་དགོས་སམ། །
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། བོན་བུ།
དྲི་བ། མུ་ཟི་གསལ་བཟང་འགོག་པ་ལ་མི་ལོ་སྟོང་དང་བརྒྱད་བརྒྱར་བཞུགས་པར་གྲགས་པ་དེ་བདེན་པ་ཡིན་ན་ཡིན་ཚུལ་ཇི་ལྟར་འགྲེལ་དགོས་སམ།
ལན། སྤྱིར་ལོ་རྒྱུས་རྣམས་སུ་དྲང་སྲོང་མུ་ཟི་གསལ་བཟང་ནི་འགོག་པའི་སྙོམས་འཇུག་ཐོབ་པའི་སྐྱེས་བུ་ཞིག་ཡིན་པས་མ་འོངས་འདུལ་བསྟན་གྱི་ས་བོན་འཛིན་པར་དགོངས་ནས་མདོ་སྨད་རྨ་རི་དེའུ་གསུམ་(ད་ལྟའི་ཆར་མདོ་སྨད་མཚོ་སྔོན་ཁྲི་ཀ་རྫོང་ཁོངས་ཀྱི་སྲིན་པོ་རྫ་རྐེད་ཅེས་པའི་གནས་སུ་ངོས་འཛིན་བཞིན་ཡོད། )ལ་འགོག་པར་བཞུགས་པར་གསུངས་ཡོད་ལ། དེ་ཡང་༸སྨན་རིའི་མཁན་ཆེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོའི་བསྟན་རྩིས་ལས། “རྒྱལ་པོ་མུ་ལ་མུ་སངས་དུས། །འདུལ་བསྟན་ནང་འཁྲུགས་ཉམས་གྱུར་ནས། །མུ་ཟི་གསལ་བཟང་འགོག་པར་བཞུགས། ༢༨༧༢ (ཕྱི་ལོའི་སྔོན BC 911)” ཞེས་དང་།
ཡང་ “ས་སྤྲེལ་མུ་ཟི་གསལ་བཟང་ཉིད། །བསམ་གཏན་ཏིང་འཛིན་ལས་བཞེངས་ནས། །གཙུག་གཤེན་རྒྱལ་བའི་རྣམ་རོལ་པ། །སོག་སྟོན་ཁྲི་འབར་ཚུལ་ཁྲིམས་ལ། །དྲང་སྲོང་གཅིག་རྫོགས་སྡོམ་པ་དང་། །འདུལ་བ་རྒྱུད་དྲུག་གསུངས་ནས་སླར། །ཕུང་པོ་མ་བོར་བདེ་ཆེན་གཤེགས། །འདུལ་བསྟན་ཕྱི་དར་དབུ་ཟུག་ལོ། ༡༠༧༣ (ཕྱི་ལོ་888)” ཞེས་པར་བརྟག་ན་གོང་གི་མུ་ཟི་འགོག་པ་བཞུགས་ནས་ཕྱིས་མ་བཞེངས་བར་མི་ལོ་ ༡༧༩༩ ཙམ་སོང་འདུག་པས། དེས་ན་ནམ་རྒྱུན་མུ་ཟི་ལོ་ ༡༨༠༠ ལ་འགོག་པར་བཞུགས་གསུང་དོན་ཡང་འདི་དག་ཡིན་ལ།།
དེ་བཞིན་མུ་ཟི་ཐོག་མར་འགོག་པ་བཞུགས་པའི་དུས་ནི་ཡ་གོང་ཕམ་ཤིའི་འདུལ་སྡེ་ནང་འཁྲུག་བྱུང་བའི་མཚམས་སུ་འཁེལ་ཡོད་པས་དེ་ནི་ཕྱི་ལོའི་གོང་གི་ལོ་ ༩༡༡ ནང་ཡིན། ཕྱིས་མུ་ཟི་འགོག་པ་ནས་བཞེངས་སྐབས་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་དགུང་ལོ་ཉེར་བརྒྱད་ལ་སོན་སྐབས་དང་འཁེལ་བར་ཡོངས་གྲགས་ཡིན་པས་དེས་ན་ཕྱི་ལོ་ ༨༨༠ ནང་ཙམ་ལ་ཡིན་སྙམ། དེས་ན་མི་ལོ་ཆིག་སྟོང་བརྒྱད་བརྒྱ་ཙམ་ཟིན་སྟངས་དེ་འདྲ་ཞིག་མིན་ནམ་སྙམ། ཡང་དེ་མིན་སྒ་སྟོན་གྱིས་(བསྟན་པའི་ཤན་འབྱེད་འཕྲུལ་གྱི་མེ་ལོང་)ལས། མུ་ཟི་གསལ་བཟང་རྨ་རི་དེལ་གསུམ་བྲག །སུམ་བརྒྱའི་ལོ་ཙམ་འགོག་པར་བཞུགས་པ་ལ། །རྒྱ་ཕྲུག་ལོར་སད་འགོག་པའི་སྙོམས་འཇུག་བསླངས།” ཞེས་ལོ་སུམ་བརྒྱར་བཞུགས་པར་གྲགས་པའང་ཡོད་པར་མཁྱེན་དགོས་སོ།། །།