བསང་ཤིང་གི་རིགས་དེ་འཐུ་བའི་ས་གནས་ལ་ཁྱད་པར་ཡོད་དམ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་འདོན་མཁན། ལྡོང་སྐྱ་ལི།
དེའང་བསང་གི་དོན་ནི་བཙོག་དང་མནོལ་སོགས་སེལ་བྱེད་ཡིན་ཏེ། གེ་ཁོད་ཚན་དཀར་ལས། ” མནོལ་བ་བསང་བས་ཚན་ཞེས་བྱ། ” ཞེས་དང་། ཡོངས་རྩེའི་འགྲེལ་ལས། ” གནམ་ལྷ་དོག་ལ་གཤེགས་པ་ན། མི་ཡུལ་བཙོག་དང་ནལ་ཆེ་བས། ་་་་་ ཡ་ངལ་གྱིས་སེལ་དང་བསང་གྱིས་ཤིག ” ཞེས་སོགས་ལ་བརྟག་ན་ཤེས་སླ།
དེས་ན་བསང་རྫས་ལའང་ས་གཙང་མ་དང་གནས་རི་སོགས་ནས་བསང་ཤིང་འཐུ་ན་དགེ་མཚན་དཔག་མེད་ཡོད་སྙམ་སྟེ། ལྷ་བསང་དཀར་པོ་ལས། ” བདུད་རྩི་ཨ་ཀྲོང་གངས་ཀྱི་རྩི། སྲོ་ལོ་དཀར་པོ་གཡའ་ཡི་རྩི། གསེར་ཤིང་གཡུ་ལོ་ཉིན་གྱི་རྩི། དངུལ་ཤིང་བལ་ལུ་སྲིབ་ཀྱི་རྩི། སྤྲ་བ་ཐོད་དཀར་སྤང་གི་རྩི། ཙན་དན་དཀར་དམར་ནགས་ཀྱི་རྩི། མཁན་པོ་གསེར་ལོ་གད་པའི་རྩི། བཟང་དྲུག་ག་པུར་ཨ་ག་རུ། སྨན་སྤོས་རྩི་ཤིང་དྲི་བཟང་རྣམས། ” ཞེས་དང་། ལམ་ལྷའི་གཞུང་ལས། ” དཀར་མངར་ཞལ་ཟས་འབྲུ་སྨན་དང་། ཕྱེ་མར་ཆང་ཕུད་རིན་ཆེན་བདར། བཟང་ཤིང་དྲི་ཞིམ་བསང་དུད་འབུལ། ” སོགས་ལ་གཞིག་ན་བསང་ཤིང་ངམ་བསང་རྫས་རིགས་ནི་ངེས་པར་དུ་རྒྱུ་གཙང་དང་ལྷད་བཙོག་མ་འདྲིས་པ་ཞིག་དགོས་པར་སེམས་སོ། །