མ་རྒྱུད་ནང་ལམ་དྲུག་ཁྲིད་བརྒྱད་གསུངས་པའི་ཁྲིད་བརྒྱད་དེ་གང་ཡིན་ནམ།
རྩོམ་བྲིས་པ། གྲེ་སེར་འབྲོང་། དྲི་བ་འདོན་མཁན། གངས་སེང་།
དྲི་བ། མ་རྒྱུད་ནང་ལམ་དྲུག་ཁྲིད་བརྒྱད་གསུངས་པའི་ཁྲིད་བརྒྱད་དེ་གང་ཡིན་ནམ།
ལན། མཚན་བཅས་སྐུ་བཞིའི་ཁྲིད་བཞི་ནི། གསང་བ་གསང་ཆེན་གྱི་ཁྲིད། གསང་མཆོག་མཐར་ཐུག་གི་ཁྲིད། ཅི་ཡང་སྤྲུལ་སྐུའི་ཁྲིད། ལོངས་སྤྱོད་རྫོགས་སྐུའི་ཁྲིད་བཅས་ཡིན་ས་ཡོད། ཡང་ན་སྣང་བཅས་ཡེ་ཤེས་ཀྱི་ཁྲིད་བཞི་ནི། ཀུན་གཞི་ཡེ་ཤེས་ལྷུན་གྲུབ་ཀྱི་ཁྲིད། སྣང་གཞི་སྐུ་གསུམ་ལྷུན་གྲུབ། ལུང་བཞི་དབང་བཞི་ལྷུན་གྲུབ། དོན་བཞི་ལྟ་སྤྱོད་ལྗུན་གྲུབ་བོ།། སྣང་མེད་སྐུ་བཞིའི་ཁྲིད་བཞི་ནི། བོན་ཉིད་ཀྱི་སྐུ། བདེ་བ་ཆེན་པོའི་སྐུ། མངོན་བྱང་གི་སྐུ། ངོ་བོ་ཉིད་སྐུ་བཅས་སོ།། འདི་དག་ནི་བདག་གི་བཀའ་དྲིན་སུམ་ལྡན་སྨན་སློབ་རིན་པོ་ཆེས་བོན་ཁྲིད་སྐབས་སུ་གསུངས་སོ། །
དེ་བཞིན་ལམ་མངོན་སངས་རྒྱས་པའི་རྒྱུད་ལས། དེ་ཕྱིར་གསང་མཆོག་མཐར་ཐུག་པ། །ཅིར་ཡང་སྤྲུལ་སྐུ་ལོངས་སྤྱོད་རྫོགས་པའི་སྐུ། །སྣང་བཅས་གཟུགས་སྐུའི་ངོས་ནས་བསྟན་པ་ཡིན། །བོན་ཉིད་བདེ་ཆེན་མངོན་བྱང་ངོ་བོ་ཉིད། །སྣང་མེད་སྐུ་བཞིའི་ངོས་ནས་བསྟན་པའོ། །ཞེས་སོ།།