བླ་མ་སྐྱེས་ཆེན་འཁྲུངས་ཚེས་སོགས་ལ་བྱ་མཇལ་ཟེར་བ་ཞིག་འདུག་དེའི་སྐོར་ཇི་ལྟར་ཡིན།
རྩོམ་བྲིས་པ། དགེ་བཤེས་བསྟན་འཛིན་སྦྱིན་པ། དྲི་བ་འདོན་མཁན། བློ་གྲོས་བསྟན་འཛིན།
དྲི་བ། དེ་རིང་བོན་གྱི་སྐོར་དྲི་བ་འདྲི་སའི་དྲ་བ་ཞིག་སྒོ་ཕྱེས་པར་བཀྲིས་བདེ་ལེགས་ཞུ། ང་ལ་དྲི་བ་ཞིག་ཡོད། བླ་མ་གལ་ཆེན་དང་རྩ་ཆེན་དེ་འདྲའི་འཁྲུངས་ཚེས་ཉིན་བྱ་མཇལ་ཟེར་བ་ཞིག་ཡོང་གི་འདུག དེ་ཇི་ལྟར་ཡིན་མིན་གསུང་རོགས། འགའ་ཞིག་གིས་ཟེར་ན་བྱ་རྒོད་དེ་ཚོ་བླ་མ་དེའི་སྤྲུལ་པ་རེད་ཟེར་མཁན་འདུག གང་ལྟར་དུས་ཆེན་དེའི་ཉིན་གནམ་ལ་འཕུར་ཚད་ཀྱི་བྱ་རྒོད་ཚང་མ་བླ་མ་དེའི་སྤྲུལ་པ་ཡིན་ནམ། ཡང་ནང་དེ་ཚོའི་ནང་ནས་བྱ་རྒོད་གཅིག་རང་ཡོད་པ་ཡིན། དེ་ང་ཚོས་ཇི་ལྟར་ཤེས་ཐུབ། དེའི་སྐོར་གསལ་བཤད་དང་གོ་བདེ་ཞིག་གསུང་རོགས་ཞུ།
ལན། བླ་མ་སྐྱེས་ཆེན་གང་ཞིག་གི་སྐུ་ཡི་འཁྲུངས་སྐར་དུས་ཆེན་སྐབས་བྱ་མཇལ་ཞེས་འབོད་སྲོལ་ཞིག་ཡོད་པ་འདི་ནི། བླ་མ་གང་དེ་གཤེགས་ཁར་རྗེས་མཇུག་བུ་སློབ་རྣམས་ཀྱིས་མྱ་ངན་གདུང་འབོད་བྱས་པ་ལ་སྙིང་རྗེས་མ་གཟོད་པའི་དབང་གིས་སླར་ཡང་ལས་སྨོན་གྱི་དད་འབྲེལ་མི་ཆད་པའི་ཕྱིར་འདའ་ཁར་ཞལ་ཆེམས་སུ་སླར་ཡང་བླ་མ་དེའི་འཁྲུངས་མཆོད་གཙོས་ཚེས་བཟང་དུས་བཟང་གི་སྐབས་སུ་བླ་མ་དེ་འབྱོན་ཡོང་བ་ཞལ་བཞེས་གནང་ནས་བླ་མ་ཞིང་ཁམས་སུ་གཤེགས་འགྲོ་བ་དང་། ཕྱིས་སུ་སྔར་གྱི་དམ་བཅའ་དེ་ཉིད་མི་ལྡོག་པའི་ཕྱིར་དུ་རྗེས་འཇུག་པ་རྣམས་ཀྱི་དད་པ་དག་སྣང་ལ་འགྱུར་བ་མེད་ཚེ་བླ་མ་དམ་པ་དེ་ཉིད་བྱ་རྒོད་ཀྱི་རྣམ་ཅན་དུ་བརྫུ་ནས་སྐུའི་འཁྲུངས་མཆོད་སོགས་ཀྱི་སྐབས་སུ་མཁའ་སྤྱོད་ཀྱི་ཞིང་ནས་ཞལ་གཟིགས་སུ་ཕེབས་ཡོང་བ་བཤད་སྲོལ་སྣང་། དེ་འདྲའི་བྱ་རྒོད་ནི་ནམ་རྒྱུན་མཐོང་བཞིན་པའི་བྱ་རྒོད་དཀྱུས་མ་ཞིག་ཅི་ལ་ཡིན་ཏེ་མ་ཡིན་དགོས་སོ། །དེ་ཡང་རྒན་རབས་རྣམས་ཀྱི་ཞལ་རྒྱུན་ལྟར་ན་རྒྱལ་བ་མཉམ་མེད་ཆེན་པོ་དག་ཞིང་དུ་གཤེགས་ཁར་འཁོར་གྱི་སློབ་མའི་གཙོ་བོ་རྒྱལ་ཚབ་རིན་ཆེན་རྒྱལ་མཚན་མཉམ་མེད་བླ་མའི་གསེར་ཁྲི་རུ་ཞལ་ཚབ་ཏུ་བསྐོས་པ་དང་། སྐབས་དེར་འཁོར་གྱི་བུ་སློབ་རྣམས་ཀྱིས་མྱ་ངན་འོ་དོད་བོས་ཏེ་རྗེ་བླ་མ་མཆོག་ད་དུང་གཟུགས་སྐུའི་བཀོད་པ་འགྲོ་བའི་ཆེད་དུ་ཡུན་ནས་ཡུན་དུ་བཞུགས་པར་གསོལ་བ་བཏབ་འཕྲལ་རྗེ་ཡི་ཞལ་ནས་འདི་ལྟར། ཁྱེད་རྣམས་མྱ་ངན་གདུང་བ་མ་བཤུམས་དང་སླར་ཡང་དུས་བཟང་ཚེས་བཟང་ལ་ང་སླེབས་ཡོང་ཞེས་གསུང་པར་གྲགས། དེ་འདྲའི་ཞལ་རྒྱུན་ལ་རེ་བ་དག་སྣང་གིས་འཚོས་པའི་ཕྱི་རབས་རྗེས་འཇུག་པ་རྣམས་ཀྱིས་རྗེ་ཡི་འཁྲུངས་མཆོད་ཆེན་མོར་ཐུན་མིན་གྱི་བྱ་མཇལ་ཡོང་གི་ཡོད་པ་ལྟར་དེང་སང་ཡང་བཤད་རྒྱུན་ཟབ་བོ། །དེ་ལྟར་རྗེ་ཡི་འཁྲུངས་མཆོད་ཆེན་མོའི་སྐབས་སུ་མཉམ་མེད་བྱ་མཇལ་ཞེས་མཉམ་མེད་བླ་མའི་རྣམ་པར་སྤྲུལ་པའི་ཐང་དཀར་རྒོད་པོ་ཞིག་འཕུར་ཡོང་བ་དང་། དུས་ཚིགས་དེར་བླ་གྲྭ་རྣམས་ཀྱིས་ཀྱང་དགོན་གྱི་ཕྱི་ལོགས་སུ་ཡོད་པའི་མཉམ་མེད་བླ་མའི་བཞུགས་ཁྲིའི་སྟེང་ཚོགས་དང་མཆོད་པ་སྒྲིག་གཤོམ་བྱེད་ཀྱི་ཡོད་སྟབས་ཐང་དཀར་རྒོད་པོ་དེ་ཀླུ་དགའ་རི་ནས་འཕོ་བ་རི་བརྒྱུད་དེ་འཕུར་ལྡིང་བྱེད་པ་མ་ཟད་མཚམས་རེར་བཞུགས་ཁྲིའི་ཐོག་ཏུ་འབབ་ནས་ཚོགས་ཕུད་བཞེས་ཚུལ་སྟོན་གྱི་ཡོད་པར་གྲགས། དེར་མཚུངས་དམུ་གཤེན་ཉི་མ་རྒྱལ་མཚན་རྒྱལ་རོང་འབའ་ཁམས་སུ་འགྲོ་དོན་ལ་ཕེབས་སྐབས་དད་ལྡན་ཨ་མ་རྒན་མོ་ཞིག་གིས་གཤེན་ཉི་མ་ལ་སྐྱབས་འགྲོ་ཞུས་ནས་རྒན་མོ་འཆི་ཁར་འདྲེན་སྟོན་དུ་ཕེབས་པར་ཞུ་གསོལ་བཏབ་པ་ལྟར་རྒད་མོའི་དད་པ་ལ་འཕོ་འཆུག་མ་བྱུང་སྟབས་ཕྱིས་རྒད་མོ་འཆི་བའི་དུས་ཟིན་པ་དང་དམུ་གཤེན་ཉི་མའི་ཐུགས་ཀྱིས་དགོངས་ནས་གཟིམ་ཆུང་སྒོ་བཅད་མཛད་དེ་བྱ་རྒོད་དུ་སྤྲུལ་ནས་རྒྱལ་རོང་དུ་རྒན་མོའི་འདྲེན་སྟོན་ཕེབས་པའི་གཏམ་རྒྱུད་ངོ་མཚར་ཅན་ཡོད་པ་ཡང་བྱ་མཇལ་དང་མཚུངས་སོ། །