བོན་རང་ལུགས་ལ་དབུ་མ་ཞེས་པའི་ཐ་སྙད་ཡོད་དམ།
བོན་རང་ལུགས་ཀྱི་དབུ་མ་ཞེས་པའི་ཐ་སྙད་ཀྱི་ཡོངས་ཁུངས་ཚོལ་བ།
དགེ་བཤེས་བློ་གྲོས་རབ་གསལ།
དབུ་མ་ཞེས་པའི་ཐ་སྙད་འདི་དང་དེ་ཡི་ནང་དོན་ཐད་ང་ཚོས་ངེས་པར་དབུ་མའི་བགྲོ་གླེང་སྐབས་དང་བསྟུན་བརྟག་དཔྱད་དགོས་པ་དང་། ལྷག་ཏུ་ཐ་སྙད་འདི་རང་རེའི་བཀའ་རིན་པོ་ཆེ་དང་། བཀའ་བརྟེན་རྙིང་པ་སོགས་ནས་ཐོག་མ་གང་ནས་འབྱུང་བ་དང་། ལྷག་ཏུ་མེ་སྟོན་དབུ་མའི་རྩ་འགྲེལ་གྱི་ཚིག་དོན་ལྷུ་འགྲོས་འདི་དག་གི་ཁུངས་གང་དུ་གཏུགས་མིན་སོགས་ལ་ངེས་པར་དཔྱད་ཞིབ་བྱ་དགོས་འདུག་སྙམ།
ཐོག་མར་རྒྱལ་བའི་བཀའ་རིན་པོ་ཆེའི་ནང་དུ་མདོ་ཡི་སྐབས་ཀྱི<<དབུ་མ>>ཞེས་པ་དང་།<<དབུ་མ་བདེན་གཉིས་>>ཞེས་པའི་ཐ་སྙད་ཡོད་མེད་ཚོལ་དགོས་སྟབས། འདིར་ཕྲན་གྱིས་མཇལ་ཡུལ་དུ་གྱུར་པ་དཔེ་ཆའི་མཚན་དང་ཨང་གྲངས་དང་བཅས་པ་འགའ་ཞིག་ཁྱེད་རྣམ་པའི་སྤྱན་ལམ་དུ་བརྟག་གཞིའི་ཚུལ་དུ་འབུལ་བར་འདོད། ཐོག་མར་རྒྱལ་བའི་བཀའ་རིན་པོ་ཆེའི་ནང་དུ་འདི་ལྟར་གསལ་བ་ནི།
འཕྱང་ཆེན་དགུ་རྒྱུད་བཀའ། སྟེང་དགོན་དེབ། ༡༢༢ ཨང་། ༢༠༦ ལས། “ དྲང་སྲོང་དབུ་མ་སྤྲོས་བྲལ་ལྟ། ཁྱད་པར་མཐའ་བྲལ་ངེས་མེད་དོན། སྒྲ་ལ་མཐུན་ཏེ་དོན་མི་མཐུན། སྒྲ་མཐུན་དོན་འཕགས་ཁྱད་པར་ཆེ ” ཞེས་དང་།
ཡང། བྱང་སེམས་གབ་པ་བཀའ། སྟེང་དགོན་དེབ། ༡༣༦ ཨང་། ༥༩༨ ལས། “ གཡུང་དྲུང་སེམས་དཔའི་ཐེག་པ་ཉིད། གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེ། གཡུང་དྲུང་སེམས་དཔའ་རྣམ་རིག་བལྟ། རང་རིག་རང་གསལ་རྟོག་མེད་ངང་། དེ་ཡང་རྣམ་བཅས་རིག་མེད་དོ། སེམས་དཔའ་ཆེན་པོ་དབུ་མ་ཉིད། ཀུན་རྫོབ་སྒྱུ་མ་རྣམ་རིག་ལྟར། དོན་དམ་མ་སྐྱེས་སྟོང་པར་བལྟ། བདེན་པ་གཉིས་མེད་མཐའ་དང་བྲལ། སྒྲོས་བཏགས་སྐུར་འདེབས་ག་ལ་ཡོད། མ་བཅོས་ཐིག་ལེ་ཉག་གཅིག་ཡིན། ཀློང་གསལ་ཐུགས་རྗེ་ཆེན་པོ་ཡིས། ཚད་མེད་བླ་མེད་ཕྱིན་བཅུ་རྫོགས། མ་འདྲེས་བོན་རྣམས་ལམ་དུ་རྫོགས། སྟོང་པ་བཅོ་བརྒྱད་འབྲས་བུ་སྨིན། སྒྱུ་མ་ལྟ་བུ་རང་བཞིན་མེད། རབ་ཏུ་མི་གནས་ཆེན་པོའོ། གཡུང་དྲུང་སེམས་དཔའི་སྐབས་ཏེ་བཅུ་དྲུག་པའོ། །” ཞེས་དང་།
ཡང་། ཡང་གོང་མཚུངས་དེ་ཉིད་ ༥༩༩ ལས། “ ཤེས་པ་རང་གསལ་དོན་དམ་ལྟ། །ངོ་བོ་གཅིག་ཏུ་འདོད་པ་ཡང་། །དབུ་མ་བདེན་གཉིས་འདོད་པ་ཡང་། །དགག་སྒྲུབ་གཉིས་དང་མ་བྲལ་ཕྱིར། །དོན་དམ་དོན་མ་ཡིན་པའོ། །རང་བློས་བསམ་པ་འཁྲུལ་པ་ཡིན།” ཞེས་ཚིག་དེས་དབུ་མ་བདེན་གཉིས་ཞེས་པའི་ཐ་སྙད་དང་། དབུ་མ་པས་འདོད་བྱ་ཀུན་རྫོབ་དང་དོན་དམ་གཉིས་དངོས་སུ་བསྟན་པ་ཡིན་ནོ། །
ཡང་མདོ་ཀ་བ་གླིང་དགུ་དེབ། ༤༡ ཨང་། ༨༩ ལས། “ ཕྱི་སྟོང་ནང་སྟོང་དབུ་མ་ཆེན་པོ་སྟོན། རྟག་སྟོན་ཆད་སྟོན་དབུ་མ་ཆེན་པོར་སྟོན། སྣང་སྟོང་སྟོང་སྟོན་དབུ་མ་ཆེན་པོར་སྟོན། རྟག་སྟོན་ཆད་སྟོང་དབུ་མ་ཆེན་པོར་སྟོན། ཡོད་སྟོན་མེད་སྟོན་དབུ་མ་ཆེན་པོ་སྟོན། སྐྱེ་སྟོན་འགག་སྟོན་དབུ་མ་ཆེན་པོ་སྟོན། གསལ་སྟོན་མུན་སྟོང་དབུ་མ་ཆེན་པོ་སྟོན། སྐྱེ་སྟོན་འགག་སྟོན་དབུ་མ་ཆེན་པོ་སྟོན། ལྷ་སྟོན་འདྲེ་སྟོན་དབུ་མ་ཆེན་པོ་སྟོན།” ཞེས་གསལ། ཡང་མདོ་ཀ་བ་གླིང་དགུ་དེབ། ༤༠ ཨང་། ༥༧ ལས། “ རྟག་དང་ཆད་དང་དབུ་མ་གསུམ།” ཞེས་དང་།
ཡང་མདོ་རྣམ་རྒྱལ། སྟེང་དགོན་དེབ། ༤༥ ཨང་། ༡༩༩ ལས། “ རྣམ་གྲོལ་འབྲས་བུ་འདི་སྤྱོད་ཚེ། །སྣང་སྟོང་སྤོང་ལེན་ཡོད་མེད་དང་། །སྐྱེ་འགག་རྟག་ཆད་ལས་འདས་ཏེ། །དབུ་མ་ཆེན་པོ་བོན་སྐུ་ཉིད། །སྤྲོ་བསྡུ་ཕན་གནོད་མཐའ་དང་བྲལ། །” ཞེས་གསལ།
སྤ་གཏེར་ཁྲོ་བོ་རྒྱུད་དྲུག་སྟེང་དགོན་དེབ། ༡༢ ཨང་། ༡༢༨ ལས། “ དང་པོ་དབུ་མ་ལ་སོགས་པའི། །ཐེག་པ་ཆེན་པོ་གསང་སྔགས་ལ། །ལྟོས་པས་བློ་དམན་རྟག་ཆད་ཀྱི། །མཐའ་བསལ་བ་སྟེ་འདི་ཉིད་ཀྱིས། །དེ་བཞིན་ཉིད་ནི་མི་མཐོང་སྟེ། །གདོད་ནས་སྟོང་པའི་ཐ་སྙད་བྲལ། །སྤྲོས་བྲལ་ཙམ་དུ་འདོད་མ་ཡིན། །” ཞེས་དང་།
ཡང་། མ་རྒྱུད་གཞི་རྒྱུད་ཏི་སེ་དེབ་ཨང་། ༨ ལས། “ གཞི་ཡི་ཡེ་ཤེས་ཐིག་ལེ་དབུ་མའི་ལུགས། །གྲུབ་མཐའ་སྟོང་པ་ཕྱལ་ཆད་འདོད་པ་དང་། །དེ་བཞིན་ཉིད་མེད་དེ་གྲུབ་སངས་རྒྱས་མེད། །ལྟར་སྣང་འགྲོ་བའི་སྣང་ངོར་གཟུགས་བརྙན་ཡིན། །སྟོང་པ་མཐའ་བྲལ་འདི་དང་མཐུན་མོད་ཀྱང་། །ཟད་ཤོར་ཕྱལ་ཆད་སྐྱོན་བཞི་གོས་པར་འདོད། །སྣང་བཅས་སྐུ་དང་ཡེ་ཤེས་བྲལ་བ་ཡིས། །སྟོང་པ་ཟད་པའི་ས་གོལ་མེད་ཁམས་འདྲ། །ཤེས་བྱ་ཐམས་ཅད་སྟོང་པར་འདོད་པ་ཡིས། །གཤིས་ལ་ཤོར་བའི་སར་གོལ་མུ་བཞི་འདྲ། །གྲུབ་མཐའ་སྐུ་དང་ཡེ་ཤེས་མེད་པ་ཡིས། །སྟོང་པ་ཕྱལ་ཆད་སར་གོལ་ནམ་མཁའ་འདྲ། །ལས་དང་འབྲས་བུ་ངོས་བཟུང་མཐའ་མེད་པས། ཕྱི་རོལ་ཆད་པའི་སར་གོལ་རྒྱུད་ཆད་འདྲ། །” ཞེས་གསལ།
མ་རྒྱུད་སྒོམ་གཞི་འགྲེལ་དེབ་ཨང་། ༡༥༦ ལས། “ ལམ་འཁྱར་བ་དབུ་མ་མ་རིག་པ། “ ཞེས་དང་། “ འབྲས་བུ་མཐའ་སྟོར་དབུ་མ། །” ཞེས་སོགསབཀའ་ནས་གསལ་བ་དེ་ལྟར་ཡིན།
བཀའ་བརྟེན་འགའ་ནས་དྲང་སྲོང་དབུ་མ་བདེན་གཉིས་སྨྲ་ཟེར་བ་མང་པོ་ཡོད། ཤར་རྫའི་དབྱིངས་རིག་མཛོད་ལས། ཀུན་སྣང་མཉེས་ཆས། ༡༡ ཨང་ ༢༠༦ ལས། “ གཞི་ལ་སྐུ་དང་ཡེ་ཤེས་མེད་པ་འདོད་པ་དང་། ཡོད་ཀྱང་རང་མཚན་གྲུབ་པ་འདོད་པ་བསལ་བའོ། དང་པོ་ནི། ནང་པའི་སྟོང་ཕྱོགས་ལ་ཞེན་པའི་དབུ་མ་དག གྲུབ་མཐའ་སྟོང་པ་ཕྱལ་ཆད་འདོད་པ་དག དེ་བཞིན་ཉིད་མེད་དེ་གྲུབ་སངས་རྒྱས་མེད་མེད། ལྟར་སྣང་འགྲོ་བའི་སྣང་ངོར་གཟུགས་བརྙན་ཡིན། ཞེས་སྟོང་པ་མཐའ་ཐམས་ཅད་དང་བྲལ་བ། ངོས་བཟུང་ཁས་ལེན་དང་བྲལ་བ། སྣང་བཅས་སྐུ་དང་ཡེ་ཤེས་བྲལ་བའི་སྤྲོས་བྲལ་མཐར་ཐུག་ཏུ་བྱེད་ཀྱང་། དེ་ལ་གོལ་སྐྱོན་བཞི་སྟེ། འདི་ལྟར་ཡེ་ཤེས་རྒྱུན་ཆད་པར་འདོད་པས་སྟོང་པ་ཟད་སར་གོལ་བའི་སྐྱོན་དང་། ཤེས་བྱ་ཐམས་ཅད་སྟོང་པར་འདོད་པས་སྟོང་ཉིད་གཤིས་ལ་ཤོར་བའི་སྐྱོན་དང་། སྐུ་ལ་སོགས་པའི་གཞིའི་ཡོན་ཏན་མེད་པར་འདོད་པས་སྟོང་པ་ཕྱལ་ཆད་པར་གོལ་བའི་སྐྱོན་དང་། ལས་དང་འབྲས་བུ་ངོས་བཟུང་མཐའ་མེད་པར་འདོད་པས་ཕྱི་རོལ་ཆད་པའི་སར་གོལ་བའི་སྐྱོན་ཡོད་པའི་ཕྱིར།” ཞེས་གསལ།
རང་ལུགས་དབུ་མའི་འགྲེལ་ནི་གསུམ་སྟེ། ༡) མེ་སྟོན་ཤེས་འོད་ཀྱི་དབུ་བདེན་གཉིས། ༢) མཁས་གྲུབ་རིན་ཆེན་བློ་གྲོས་ཀྱིས་མཛད་པའི་དབུ་མ་བདེན་གཉིས་དང་། ༣) རྗེ་ཡི་དབུ་མ་བདེན་གཉིས་བཅས་སོ།། །།
གནས་སྐབས་དེ་ཙམ་ཡིན། ༢༠༡༩།༤།༢༠ཉིན་བྲིས།།
18,693 བཀླགས་གྲངས།