བོན་གཤེན་མཁས་པ་མི་དགུ་ངོས་འཛིན་སྟངས་མི་འདྲ་བ་ཡོད་དམ།
ལན་འབུལ་མཁན། རྩོམ་སྒྲིག་པ། བཀའ་དྲི་གནང་མཁན། རྔ་གངས་བུ།
དྲི་བ། བོན་གཞུང་ལས་མཁས་པ་མི་དགུ་དང་མཐུ་ཆེན་མི་དགུ་སོགས་འགའ་ཞིག་ཡོད་པ་ལྟར། མཁས་པ་མི་དགུའི་སྐོར་གྲངས་འདྲེན་ཚུལ་མི་འདྲ་བ་ཡོད་དམ།
ལན། བོན་གཤེན་མཁས་པ་མི་དགུའི་སྐོར་ཤར་རྫའི་ལེགས་བཤད་མཛོད་ལས་ཡོངས་གྲགས་མཁས་པ་མི་དགུ་དང་ལྷོ་གཏེར་ལུགས་ཀྱི་མཁས་པ་མི་དགུ་སོགས་གྲངས་འདྲེན་ཚུལ་མི་འདྲ་བ་གཉིས་སུ་ཡོད་པ་གཤམ་ལྟར་ཡིན།
དེའང་ལེགས་བཤད་རིན་པོ་ཆེ་མཛོད་ལས། ” མཁས་པ་དགུ་ནི། ཞང་ཞུང་གི་མཁས་པ་སྟོང་རྒྱུང་མཐུ་ཆེན། །སྟག་གཟིག་གི་མཁས་པ་ཟ་རང་མེ་འབར། །རྒྱ་གར་གྱི་མཁས་པ་ལྷ་བདག་སྔགས་དྲོ། །རྒྱ་ནག་གི་མཁས་པ་ལེགས་ཏང་རྨང་པོ། །ཕྲོམ་གྱི་མཁས་པ་གསེར་ཐོག་ལྕེ་འབྱམས། །གེ་སར་གྱི་མཁས་པ་རྔམ་པ་ལྕེ་རིང་། །བོད་ཀྱི་མཁས་པ་ཤ་རི་དབུ་ཆེན། །མེ་ཉག་གི་མཁས་པ་ལྕེ་ཚ་མཁར་བུ། སུམ་པའི་མཁས་པ་མུ་སྤུངས་གསལ་ཏང་དང་དགུའོ། །
ལྷོ་གཏེར་ལྟར་ན། རྒྱུད་ལུང་མན་ངག་ལ་མཁས་པ་སེ་ཤ་རི། སྔགས་ཀྱི་གབ་གསང་ལ་མཁས་པ་ལྡེ་གྱིམ་ཚ། ཚིགས་སུ་བཤད་པའི་མདོ་སྡེ་ལ་མཁས་པ་མེ་ཉག་མཁར་བུ། འབུམ་གྱི་འགྲེས་རྐང་ལ་མཁས་པ་མཐའ་བཞི་བུམ་བུ་ཆུང་། རིགས་བགྲེ་ལ་མཁས་པ་སྤེ་བོན་གཏོ་རྒྱལ། དཀྱིལ་འཁོར་ཕྱི་ནང་གསང་གསུམ་ལ་མཁས་པ་རྒྱ་བོན་འབྲི་ཐང་སྣ་བ། སྒྲ་སྐད་བྱེ་བྲག་ལ་མཁས་པ་དམུ་གཤེན་ཏིང་ཝེར། སྤྲོ་བསྡུའི་དོན་ལ་མཁས་པ་འགྲོ་མགོན་ལྷ་དཔལ་ཀླུ་རིང་། ལྟ་སྒོམ་སྤྱོད་པ་ལ་མཁས་པ་ཁྱུང་པོ་གྱེར་ཟླ་མེད་རྣམས་སོ། །དེ་དག་ནི་རིགས་པའི་གནས་སྤྱི་དང་། བྱེ་བྲག་ཀུན་ལ་མཁས་པའི་རྩེར་གཤེགས་པ་ཁོ་ནའོ། ། ” ཞེས་གསུངས་སོ།། །།