བོན་སྤྱོད་རིམ་པ་དགུ་ཡི་སྒོ་ནས་རང་རྒྱུད་འདུལ་སྟངས་ཇི་ལྟར་ཡིན་ནམ།
རྩོམ་བྲིས་པ། དགེ་བཤེས་བསམ་གཏན་གཙུག་ཕུད། དྲི་བ་གཏོང་མཁན། གཤེན་བསྟན་གླེང་སའི་དད་ལྡན།
ལན། བོན་སྤྱོད་རིམ་པ་དགུ་ཡི་སྒོ་ནས་རང་རྒྱུད་འདུལ་སྟངས། སྤྱིར་བཏང་རང་རང་གི་བློ་ཚོད་དང་བསྟུན་ནས་མདོ་སྔགས་སེམས་གསུམ་གྱི་ལམ་ཁ་གང་ལ་ཞུགས་པ་ཡིན་ན་ཡང་སྔོན་འགྲོས་རྒྱུད་སྦྱོང་དགོས་པ་དེ་གལ་ཆེ་ཆེ་བྱེད་ནས་གསུང་གི་ཡོད་རེད། སྔོན་བྱོན་གྱི་བླ་མ་དམ་པ་དང་། གྲུབ་ཐོབ། སྐྱེས་བུ་ཁྱད་པར་ཅན་ཁོང་རྣམ་པས་ཀྱང་ཐོག་མར་སྔོན་འགྲོས་རྒྱུད་སྦྱོང་བའི་ལམ་ཁ་དེ་ག་རང་བརྒྱུད་ནས་གྲུབ་པའི་ས་ལ་གཤེགས་ཡོད་རེད་ལ། དགོངས་རྟོགས་ཀྱི་ཡོན་ཏན་རྒྱུད་པ་སྐྱེས་པ་རེད། འོ་ན་ཉམས་སུ་ལེན་སྟངས་ཅི་འདྲ་རེད་ཟེར་ན། ད་རེས་ཀྱི་གོ་སྐབས་དང་བསྟུན་འདིར་དཔེ་མཚོན་ཙམ་ཞུས་ན་དྲན་གི་ཡོད། སྤྱིར་བཏང་བོན་གཞུང་རེ་རེའི་ནང་སྔོན་འགྲོའི་རྣམ་གྲངས་ཕྲན་བུ་མི་འདྲ་བ་རེ་ཡོད་ཀྱང་ད་ལམ་མཚན་གཞི་འདྲ་མོ་གཅིག་རང་ཞུས་ན། དཔེར་ན། ཞང་ཞུང་སྙན་བརྒྱུད་ཀྱི་སྔོན་འགྲོ་བོན་སྤྱོད་དགུ་རིམ་ལྟ་བུ་ཡིན་ན། ཡང་རང་རྒྱུད་འདུལ་བའི་འདུལ་སྟངས་ཐབས་ལམ་རྣམ་པ་མི་འདྲ་བ་དགུ་གསུང་ཡོད་པ་རེད། དང་པོ་གཅེས་པའི་སྔོན་འགྲོ་གསུམ་གྱིས་རྒྱུད་འདུལ་དགོས་པ་དེ་གསུངས་པ་རེད།
༡༽ དེའི་ནང་ནས་རྒྱུད་བྱིན་གྱིས་རླབས་པ་བྱིན་རླབས་དབང་བསྐུར་གྱི་ཁྲིད་ལབ་ཡ་དེ་དང་པོ་རེད། ཁྲིད་ཀ་དེས་ག་རེ་བསྟན་གྱི་ཡོད་རེད་ཟེར་ན་ཐོག་མར་དགེ་སྡིག་གི་ལམ་སྣ་སྟོན་མཁན་བླ་མ་བསྟེན་དགོས་པ་དང་། བླ་མ་དེ་ལ་སངས་རྒྱས་ཀྱི་འདུ་ཤེས་འཇོག་སྟངས། བླ་མའི་སྐྱབས་འོག་ཏུ་ཇི་ལྟར་འཇུག་དགོས་པའི་ཚུལ་རྣམས་རེ་རེ་བཞིན་དུ་བསླབ་ནས་བླ་མའི་རྣལ་འབྱོར་ལ་འབད་བརྩོན་གནང་རྒྱུ་དེ་གལ་ཆེན་པོ་ཡིན་པ་བསྟན་པ་རེད། དེ་དད་པ་དག་སྣང་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་ཙང་བླ་མ་ངན་ཀྱང་རྒྱལ་བའི་དབྱིངས་ནས་གཟིགས་ལབ་པ་ནང་བཞིན་རང་གི་དད་པ་མ་འཆུག་ན་རང་གིས་བསྟེན་པའི་བླ་མ་དེ་འཇིག་རྟེན་པའི་མཐོང་སྣང་ལ་བཟང་ངན་གང་འདྲ་ཞིག་ཡོད་པ་ཡིན་ན་ཡང་བྱིན་རླབས་དང་། དངོས་གྲུབ་རང་རྒྱུད་ལ་འབྱུང་གི་ཡོད་རེད་གསུང་གི་ཡོད་རེད། དེ་འདྲའི་དངོས་བྱུང་གི་གཏམ་རྒྱུད་ཡང་བཤད་རྒྱུ་ཡོད་པ་རེད། མདོར་ན་རང་རྒྱུད་ལ་བྱིན་རླབས་འཇུག་ལབ་ཡ་དེ་ག་རེ་རེད་ཟེར་ན། རང་རྒྱུད་སྔར་དང་མི་འདྲ་བ་ཞི་བདེ་ཆགས་ཡ་དང་། དེ་བཞིན་ཕྱི་ནང་གསང་གསུམ་གྱི་བར་ཆོད་ཉུང་དུ་འགྲོ་བ། བསམ་དོན་འགྲུབ་པ་སོགས་ཀྱི་དགེ་མཚན་བསམ་གྱིས་མི་ཁྱབ་པ་ཡོང་གི་ཡོད་པ་དེ་ཚོ་རེད།
༢༽ གཉིས་པ་དེ་རྒྱུད་ཡོངས་སུ་འདུལ་བ་མི་རྟག་པའི་ཁྲིད་རེད། དེས་ག་རེ་བཤད་གི་ཡོད་རེད་ཟེར་ན། དང་པོ་ངེས་འབྱུང་གི་བསམ་པའི་རྒྱུད་བསྐུལ་ནས་འཁོར་བ་དེ་སྡུག་བསྔལ་གྱི་རྒྱ་མཚོ་ཡིན་པ་དང་། རང་ཉིད་ཀྱི་ཕུང་ཁམས་སྐྱེད་མཆེད་འདི་དག་སྐྱེ་རྒ་ན་འཆི་བཞི་ཡི་དབང་འོག་ཏུ་ཚུད་ཡོད་པ་ཤེས་དགོས་པ་དེ་དང་། སྐྱེ་བ་འདིའི་རང་གི་ལས་དབང་ལ་གཉེན་ལམ་མཐའ་བཞིས་བཅིངས་འདུག་པ་ཧ་གོ་བཅུག་དགོས་པ་མ་ཟད་འདི་ལྟར་སྣང་བའི་དངོས་པོ་ཐམས་ཅད་གཏན་ཚུགས་སུ་མ་གྲུབ་པར་འགྱུར་བ་ཅན་དང་། འཇིག་པ་ཅན་རྐྱང་རྐྱང་ཡིན་པ་ཧ་གོ། དོན་རྟོགས་ནས་སྣོད་བཅུད་ཀྱི་འཇིག་རྟེན་ལ་སྙིང་པོ་མེད་པར་ཤེས་སུ་བཅུག་དགོས་པ་དེ་རེད། དེ་ཤེས་ན་དེ་དུས་རྟག་འཛིན་གྱི་ཞེན་པ་དེ་ཡང་ཉམས་དམས་སུ་གཏོང་ཐུབ་ཀྱི་ཡོད་ཙམ་དུས་སྐད་གཅིག་མ་འདི་རྩ་ཆེན་པོ་ཡིན་པ་དང་། ད་ལྟ་རང་དབང་རང་ལག་ཏུ་ཡོད་པའི་དུས་འདིར་ངས་དགེ་སྦྱོར་ཧུར་ཐག་སྦད་ཐག་བྱེད་བསམ་པའི་བསམ་བློ་དེ་སྐྱེ་བཅུག་གི་ཡོད་རེད།
༣༽གསུམ་པ་རྒྱུད་ཚངས་པར་བྱེད་པ་སྡིག་བཤགས་ཀྱི་ཁྲིད་རེད། དེས་ག་རེ་བསྟན་གི་ཡོད་རེད་ཟེར་ན། དང་པོ་སྐྱབས་གནས་དཀོན་མཆོག་གསུམ་མམ་བཞི་གསལ་གདབ་བྱེད། ཚོགས་ཞིང་བསྒོམ། སྐྱབས་གནས་ལྷ་ཚོགས་རྣམས་རང་གི་མདུན་དུ་ཡོད་པ་ལྟ་བུའི་འདུ་ཤེས་བཟུང་། དེ་ཚོས་དཔང་པོ་བྱེད་ཀྱི་ཡོད་བསམ་པ་བྱེད་ནས་རང་གིས་སྐྱེ་བ་སྔ་ཕྱི་ད་ལྟ་དུས་གསུམ་ལ་བསགས་པའི་ཉེས་བྱས་དང་སྡིག་པ་བགྲང་། ནོར་འཁྲུལ་རྣམས་དྲན་སོད་པར་བྱེད་ནས་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་རྟེན་གྱི་དྲུང་དུ་གནང་འགྱོད་ཞུམ་པ་དང་བཅས་པའི་སྒོ་ནས་སྔར་བྱས་ལ་འགྱོད་བཤགས་བྱེད། ཕྱིས་སུ་མི་བགྱི་བའི་དམ་བཅའ་བརྟན་པོ་རང་རྒྱུད་ལ་ཉར་དུ་བཅུག་དགོས་པ་དེ་བསྟན་པ་རེད།
༤༽བཞི་པ་དེ་སྙིང་རྗེ་ཚད་མེད་ཀྱིས་གཞི་བཟུང་སྟེ་སེམས་སྐྱེད་པའི་ཁྲིད་ལབ་ཡ་དེ་རེད། དེས་ག་རེ་གསུང་གི་ཡོད་རེད་ཟེར་ན། ང་ཚོའི་སྐྱེ་བ་འདིའི་ཐོགས་མ་མེད་པ་ནས་བཟུང་འཁོར་བའི་སེམས་ཅན་ཐམས་ཅད་ལ་ཕ་མའི་འབྲེལ་བ་བཞག་མྱོང་བ་དེ་བསྟན་པ་རེད་ལ། ད་ལྟ་ཁོང་ཚོ་འཁོར་བའི་སྡུག་བསྔལ་གྱི་འོབ་དོང་དུ་ལྷུང་ཡོད་པ་ཤེས་ནས་འདི་ལ་ཤ་ཚ་བསམ་པའི་བརྩེ་སེམས་བསྐྱེད་དགོས་པ་དེ་རེད། དེ་འདྲའི་བཅོས་མིན་གྱི་བློ་དེ་ལ་སྙིང་རྗེ་ཆེན་པོ་ལབ་གི་ཡོད་རེད། ཤ་ཚ་བསམ་པ་ཙམ་གྱིས་ཕ་རོལ་པོ་ལ་མི་ཕན་པ་ཡིན་དུས་དེའི་སྡུག་བསྔལ་དེ་སེལ་བའི་ཐབས་ལམ་ལ་བརྩོན་དགོས་པ་དེ་རེད། དེ་ག་རེ་རེད་ཟེར་ན་ད་ལྟ་རང་ཉིད་ལ་སེམས་ཅན་འདྲེན་པའི་ནུས་པ་མེད་པ་ཡིན་དུས་དང་པོ་རང་ཉིད་ཀྱིས་སེམས་ཅན་འདྲེན་པའི་ནུས་པ་དེ་བསྒྲུབ་པའི་ཐབས་ལ་བརྩོན་རྒྱུ་དེ་རེད། ཐབས་དེ་ག་རེ་རེད་ཟེར་ན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའམ་གཞན་ལ་ཕན་སེམས་བསྐྱེད་རྒྱུ་དང་། དེའི་ལག་ལེན་ལ་ཕ་རོལ་ཕྱིན་པ་བཅུ་ཡི་དགེ་ཚོགས་བསྒྲུབ་རྒྱུ་དེ་རེད། ཁྲིད་རིམ་བཞི་པ་འདིའི་སྐབས་སུ་སྙིང་རྗེ་དང་སེམས་བསྐྱེད་གཉིས་ཟུང་འབྲེལ་དུ་བསྟན་པ་རེད།
༥༽ལྔ་པ་དེ་དད་མོས་གུས་པའི་གཞི་བཟུང་སྟེ་སྐྱབས་སུ་འགྲོ་བའི་ཁྲིད་ལབ་ཡ་དེ་རེད། དེ་ནི་མཛད་མདོ་འབྲིང་པོ་ལས། སེམས་བསྐྱེད་སྐྱབས་འགྲོ་འབྲེལ་བ་བོན་གྱི་གཞི་མ་ཡིན་གསུངས་པ་ནང་བཞིན་འདི་ཉམས་ལེན་གྱི་གོ་རིམ་འདྲ་མོ་བྱས་ན་ཐོག་མར་དགོ་གི་ཡོད་རེད། སྐྱབས་འགྲོ་དེ་ལམ་ཐམས་ཅད་ཀྱི་གཞི་རྩ་ཆགས་བསྡད་པ་རེད། དེ་འདྲ་ཡིན་དུས་དེའི་བསམ་བློའི་འཁྱེར་སོ་དེ་ག་རེ་རེད་ཟེར་ན། དང་པོ་འཁོར་བ་ལ་སྐྱོ་ཤེས་དང་ངེས་འབྱུང་བཅོས་མ་མ་ཡིན་པ་ཞིག་སྐྱེས་ཟིན་པའི་འོག་ཏུ་འཁོར་བའི་རྒྱ་མཚོ་འདི་ལས་ཐར་བའི་ཐབས་དེ་དཀོན་མཆོག་གསུམ་ལ་ཡོད་པར་ཡིད་ཆེས་ནས་སྐྱབས་སུ་ཞུ་རྒྱུ་དེ་རེད། སྐྱབས་སུ་ཞུ་བར་བྱེད་པ་ལ་དང་པོ་དཀོན་མཆོག་གསུམ་དང་བཞི་ག་རེ་ཡིན་ན་ངོ་ཤེས་དགོས་པ་དེ་ཡིན་དུས་ང་ཚོའི་གཞུང་ལུགས་ནང་དམིགས་བསལ་སྐྱབས་གཡུང་དྲུང་གནས་བཞི་ལབ་ནས་སྐྱབས་གནས་བཞི་གསུང་གི་ཡོད་རེད། དེ་ནི་བླ་མ། སངས་རྒྱས། བོན། གཤེན་རབ་དེ་བཞི་རེད། སྐྱབས་སུ་འགྲོ་སྟངས་ཟེར་ན་འདྲ། སེམས་ཀྱི་དམིགས་པ་བཟུང་སྟངས་ལ་བདག་གི་འདི་ཕྱི་བར་དོའི་འཇིགས་པ་ཐམས་ཅད་ལ་སྐྱབས་གནས་གཡུང་དྲུང་གནས་བཞིའི་ཐུགས་རྗེས་གཟིགས་བསམ་པའི་ཀུན་སློང་དེའི་འོག་ནས་སྐུལ་མ་ཞུ་ཡ་དང་། དེ་བཞིན་འདི་ཕྱི་བར་དོ་གང་གི་དུས་འཇིགས་པ་གང་ཞིག་འཕྲད་ན་ཡང་ཁྱེད་རྣམ་པའི་ཐུགས་རྗེས་གཟིགས། ལམ་སྣ་དྲོངས། བར་ཆོད་སེལ་བསམ་ནས་ཡིད་ཆེས་དང་ཁྱོད་ཤེས་ཀྱི་བློ་དཀོན་མཆོག་ལ་གཏད་པའི་འདུན་པ་བརྟན་པོ་རྒྱུད་ཐོག་ཏུ་ལེན་དགོས་པ་དེ་རེད། དེ་ལ་ལུས་ངག་ཡིད་གསུམ་གྱི་བསླབ་སྡོམ་མང་པོ་ཞིག་ཡོད་རེད་ཏད། དེ་ཚོ་ཞིབ་ཕྲ་དཔེ་ཆ་ནང་ནས་དང་། སྐབས་ཐོག་ཉམས་ལེན་བྱེད་དུས་ཤེས་རྒྱུ་གྱིས།
༦༽དྲུག་པ་རང་སྣང་དག་པའི་གཞི་བཟུང་སྟེ་མནྡལ་འབུལ་བའི་ཁྲིད་ལབ་ཡ་དེ་རེད། མཎ་ཌལ་འབུལ་ལབ་ཡ་དེ་གོང་དུ་ཞུས་པའི་སྐྱབས་གནས་ལྷ་ཚོགས་རྣམས་གསལ་གདབ་བྱེད་ནས་དེ་ལ་མཆོད་འབུལ་ཚོགས་བསགས་བྱེད་སྟངས་ཀྱི་ཐབས་ལམ་ཞིག་ཡིན་པ་རེད། དཔེར་ན། དང་པོ་སེམས་ཀྱི་དམིགས་པའམ་འདུ་ཤེས་འཛིན་སྟངས་ལ་བདག་གི་ལུས་འདི་རང་དང་འདྲ་བ་བྱེ་བ་ཕྲག་བརྒྱར་སྤྲུལ་ནས་དེ་ཚོས་སྐྱེ་འགུལ་སེམས་ཅན་ཐམས་ཅད་སྣེ་འཁྲིད་བྱེད་དེ་ཕྱི་ནང་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་སྐྱབས་ཡུལ་དམ་པ་རྣམས་ལ་ཆགས་མེད། ཞེན་མེད། འཛིན་མེད་ཀྱི་སྒོ་ནས་བློ་ཡིས་ལིང་གིས་སྐྱབས་གནས་རྣམས་ལ་འབུལ་ནས་སེར་སྣ་འཇུང་གེགས་ཀྱི་སེམས་དེ་གཙང་སེལ་བྱེད་པའི་དགེ་བ་སྒྲུབ་སྟངས་ཤིག་རེད།
༧༽བདུན་པ་བག་ཆགས་སྒྲིབ་སྦྱོང་གི་ཆེད་དུ་བཟླས་པ་ལུང་གི་འཕྲོ་འདུའི་ཁྲིད་ལབ་ཡ་དེ་བསྟན་ཡོད་རེད། དེ་ག་རེ་རེད་ཟེར་ན། དེ་ནི་རང་གིས་ཚེ་རབས་ཐོགས་མེད་ནས་བསགས་པའི་བག་ཆགས་སྡིག་སྒྲིབ། བུ་ལོན་ལན་ཆགས་ཐམས་ཅད་གཙང་སེལ་བྱེད་པའི་ཐབས་ལམ་ཞིག་ཡིན་པ་རེད། མདོར་བསྡུས་ཏེ་བཤད་ན་དུ་ཏྲི་སུའི་སྙིང་པོ་བརྒྱ་སྟོང་ཁྲི་འབུམ་ག་ཚད་ཐུབ་ཐུབ་འདོན་ནས་དེ་ཡི་ནུས་པས་ཕྱི་ནང་གསང་གསུམ་གྱི་བག་སྒྲིབ་ཐམས་ཅད་ཆུ་ཡིས་བཀྲུས་པ་དང་། མེ་ཡིས་བསྲེག་པ་ནང་བཞིན་གཙང་དག་བཟོ་གི་ཡོད་བསམ་པའི་བསམ་བློའི་འདུ་ཤེས་དེ་འདྲ་ཞིག་གི་སྟེང་ནས་དག་སྣང་སྦྱོང་ཟེར་ན་འདྲ། སྡིག་སྒྲིབ་སྦྱོང་དགོས་པ་དེ་རེད། དམིགས་བསལ་སྡིག་སྒྲིབ་སྦྱོང་བྱེད་ལ་སྙིང་པོ་རྣམ་གསུམ་ཡོད་དུས་དེ་གསུམ་ག་རེ་གཏོན་པ་ཡིན་ན་ཡང་དང་པོ་འཕྲོ་འདུ་ལབ་ཡའི་འཛབ་སྒོམ་རེ་རེ་ཡོད་རེད། འཛབ་སྒོམ་དེ་ཚོའི་ནང་ལ་སེམས་ཀྱིས་དམིགས་པ་དང་བསྐྱེད་རིམ་གང་འདྲ་དགོས་མིན་གསུངས་ཡོད་པ་དེ་བཞིན་མ་མཆུག་པར་གནང་ནས་སྙིང་པོ་འདོན་རྒྱུ་དང་དམིགས་རིམ་གཉིས་ཟུང་དུ་སྦྲེལ་ཐུབ་ན་ཡག་ཤོས་རེད། དེ་དགོ་གི་ཡོད་རེད།
༨༽བརྒྱད་པ་བསོད་ནམས་གསོག་པ་སྒྱུ་ལུས་ཚོགས་འབུལ་གྱི་ཁྲིད་ལབ་ཡ་དེ་བསྟན་པ་རེད། སྙན་རྒྱུད་སྔོན་འགྲོ་ལྟར་ན། མཎ་ཌལ་འབུལ་བའི་ཁྲིད་དེ་སྡེ་ཚན་དྲུག་པའི་ནང་ལ་གཅིག་གསུངས་འདུག་ཀྱང་། ད་ལྟ་སྡེ་ཚན་བརྒྱད་པ་འདིར་བསྐྱར་དུ་ག་རེ་བྱེད་ནས་གསུང་གི་ཡོད་རེད་ཟེར་ན། ང་རང་ཚོར་རང་གཅེས་པར་འཛིན་པའི་གཅེས་འཛིན་གྱི་བློ་འདི་ཧ་ཅང་ཤུགས་ཆེན་པོ་ཞིག་ཡིན་པ་མ་ཟད་སྔོན་དུ་ཞུས་པ་བཞིན་བདག་འཛིན་མ་རིག་པ་དང་དུས་རྣམ་ཀུན་ཏུ་ལྷན་གཅིག་ཏུ་འདྲེས་པའི་བློ་ཞིག་ཡིན་འདུག་དུས་བསྐྱར་དུ་དེའི་འཛིན་སྟངས་རགས་པ་དེ་མེད་པར་བཟོ་བའི་ཐབས་ལམ་ཞིག་ཡིན་པ་རེད། དཔེར་ན། རང་གི་གཅེས་པའི་ཕུང་ཁམས་སྐྱེད་མཆེད་དང་བཅས་པ་ལ་ཆགས་ཞེན་མེད་པར་བྱེད་པའི་ཐབས་ཤེས་ལ་ཕུང་ཁམས་སྐྱེད་མཆེད་དེ་ཚོགས་ཀྱི་མཆོད་པ་རུ་བསྒྱུར་དགོས་པ་མ་ཟད་ཚོགས་མཆོད་དེ་ཡང་མགྲོན་བཞིའི་སྡེ་ཚོགས་རྣམས་ལ་མཆོད་སྦྱིན་བྱེད་ནས་རྒྱལ་བ་རྣམས་མཆོད་པས་མཉེས། དམ་ཅན་ཐུགས་དམ་བསྐང་། ལྷ་སྲིན་གདུག་རྩུབ་ཞི། རིས་དྲུག་སྦྱིན་པས་ཚིམས་སོང་བསམ་ནས་སེམས་ཀྱི་དམིགས་པའི་སྒོ་ནས་རང་གི་སྒྱུ་ལུས་ཚོགས་འཁོར་ཇི་ལྟར་སྐོར་དགོས་པའི་ཚུལ་བསྟན་པ་དེ་ཚོགས་གསོག་པའི་དགེ་བ་སྒྲུབ་སྟངས་ཤིག་རེད།
༩༽དགུ་པ་བྱིན་རླབས་འཇུག་པ་མོས་གུས་གསོལ་འདེབས་ཀྱི་ཁྲིད་ལབ་ཡ་དེ་རེད། དེ་ག་རེ་རེད་ཟེར་ན་རང་ཉིད་ཀྱིས་སྐྱབས་གནས་ལྷ་ཚོགས་ཐམས་ཅད་ལ་ཁ་ཞེ་གདིང་གསུམ་མེད་པའི་ཐོག་ནས་གསོལ་བ་འདེབས། བྱིན་རླབས་ཞུ་དགོས་པ་དེ་རེད། ལག་ལེན་གྱི་ཚུལ་འདྲ་མོ་ག་རེ་རེད་ཟེར་ན། རང་གིས་སྒོམ་པའི་རྩ་བའི་བླ་མ་ཀུན་བཟང་གཤེན་ལྷ་འོད་དཀར་གྱི་རྣམ་པ་ཅན་དེའི་ཐུགས་རྒྱུད་ནས་མཐུ་སྟོབས་བྱིན་རླབས་འོད་ཟེར་གྱི་རྣམ་པ་ཅན་མང་པོ་ཞིག་མར་རང་ལ་བབས་ནས་རང་གི་ལུས་ངག་ཡིད་གསུམ་དང་དབྱེར་མེད་གཅིག་ཏུ་བསྲེ། རང་རྒྱུད་ལ་བསྟིམ། ཐིམ་སོང་བ་དང་། འདྲེས་སོང་བསམ་པའི་འདུ་ཤེས་འཇོག དེ་དུས་རང་རྒྱུད་ཀྱི་བག་ཆགས་སྡིག་སྒྲིབ་ཐམས་ཅད་དག་ནས་རང་ལུས་ཤེལ་དཀར་གྱི་བུམ་པ་ལྟར་ཕྱི་བལྟས་ནང་གསལ་དུ་གྱུར་སོང་བསམ་པའི་བསམ་པ་དེ་ལ་བྱིན་རླབས་ཞུ་ཐིམ་བྱེད་ལབ་གི་ཡོད་རེད། གཙོ་བོ་རང་གིས་ཞེ་ཐག་པ་ནས་རིག་པ་གནད་དུ་བསྣུན་ནས་བདེ་བར་གཤེགས་པའི་དགོངས་རྟོགས་ཡོན་ཏན་རྣམས་རང་རྒྱུད་ལ་ཐོབ་སོང་བསམ་པའི་སེམས་བསྐྱེད་དགོས་པ་དེ་གལ་ཆེན་པོ་རེད། དེ་ནི་མ་རྒྱུད་ལས། བླ་མའི་བྱིན་རླབས་རང་གི་དད་པས་ལེན། ལབ་ཡ་དེ་རེད།
དེ་མིན་ཡི་དམ་ལབ་ཡ་དེ་ཕར་ཟད་ཅིག་ལ་བསམ་བློ་བཏང་ནས་དེ་ཞིང་ཁམས་གཞན་ཞིག་ནས་སླེབས་ཡོང་མཁན་འདྲ་ཞིག་དང་། བླ་མ་ལབ་ཡ་དེ་ཏོག་ཙམ་གལ་ཆུང་བ། གོ་ས་དམའ་བ། གཡོག་པོ་འདྲ་མོ་བསམ་བློ་གཏོང་ན་ཏོག་ཙམ་འགྲིག་གི་ཡོད་མ་རེད། རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས་འདི་འདྲ་གསུངས་པ་རེད། བླ་མ་སངས་རྒྱས་འདུ་ཤེས་མ་བཞག་ན། ཡི་དམ་དམིགས་པ་གསལ་ཡང་འདོད་བློ་ཡིན། གསུངས་ཡོད་རེད། དེས་ག་རེ་གསུང་གི་ཡོད་རེད་ཟེར་ན། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་མ་བཞག་ན། ཡི་དམ་ལབ་ཡ་དེ་གལ་ཆེ་ཆེ་དང་གསལ་གསལ་དག་དག་བྱེད་ནས་ཇི་འདྲ་ཞིག་བསྒོམ་པ་ཡིན་ན་ཡང་རང་གི་རྟོག་པས་ཕར་བཞག་པ་ཙམ་དང་། བསྐྱེད་པ་ཙམ་ཡིན་དུས་བྱིན་རླབས་དང་དངོས་གྲུབ་འབྱུང་ཐུབ་གི་མ་རེད་གསུང་པ་རེད། རྒྱུ་མཚན་ག་རེ་རེད་ཟེར་ན་བླ་མ་དང་ཡི་དམ་གཉིས་རྦད་དེ་མཆོག་དམན་གྱི་ཁྱད་པར་བཟུང་འདུག་ཟི། དེ་བློ་གཟུང་འཛིན་དྲི་མ་དང་བཅས་པ་ཞིག་ཆགས་བསྡད་ཡོད་པ་ཡིན་ཙང་བློ་དེས་བྱིན་རླབས་དང་དངོས་གྲུབ་བསྒྲུབ་ཐུབ་གི་མ་རེད་ལ། སྒྲུབ་པའི་ཚུལ་དེ་ཡང་ཡང་དག་པ་མ་རེད་ལབ་གི་ཡོད་རེད། མདོར་ན་ཕྱོགས་གང་གི་མཐའ་རུ་མ་ལྷུང་བ་བྱེད་དགོས་པ་དེ་རེད།།