བོད་དུ་ཡ་གོང་དང་ཕམ་ཤིའི་འདུལ་བསྟན་ནང་འཁྲུག་ག་དུས་བྱུང་ངམ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། བསྟན་རབ།
དྲི་བ། བོད་དུ་ཡ་གོང་དང་ཕམ་ཤིའི་འདུལ་བསྟན་ནང་འཁྲུག་ག་དུས་བྱུང་ངམ།
ལན། ༸ཀུན་མཁྱེན་གྱིས་ཕྱི་ལོའི་གོང་གི་ ༩༡༡ ལོ་སྟེ་རྒྱལ་པོ་མུ་ལ་མུ་སངས་དུས་མུ་ཟི་གསལ་བཟང་འགོག་པར་བཞུགས་པ་གསུངས་འདུག་པས། དེས་ན་གོང་གི་ལོ་ཚིགས་དེའི་སྔ་སྟེང་གང་རུང་དུ་ཁེལ་གྱིན་ཡོད་པ་འདྲ། དེའང་སྐབས་དེར་འདུལ་བསྟན་ནང་འཁྲུག་ཤོར་དོན་ནི། (ཞྭ་དཀར་བསྟན་པའི་ལོ་རྒྱུས་ཀེ་ཏ་ཀའི་ཕྲེང་མཛེས་སྐལ་བཟང་མགུལ་རྒྱན།) ལས། དེའི་ཚེ་གཤེན་གྱི་འདུལ་རྒྱུད་ལས་མ་འཆམ་པར། སྡེ་རིགས་གཉིས་སུ་ཆད། ག་ཅུ་ཕམ་ཤི་གཉིས་སྡེ་གཅིག ཡ་གོང་སྡེ་བཙུན་གཉིས་སྡེ་གཅིག་བཟུང་། སྡེ་བཙུན་སློབ་བུ་ཅོ་ཡེ་ཤེས་ཚུལ་ཁྲིམས་ཀྱི་མཁན་བུ་མུ་ཟི་གསལ་བཟང་ཡིན། ཞེས་སོགས་གསུངས་པ་ལྟར་སྡེ་བ་གཉིས་སུ་གྱེས་ཏེ། ཡ་གོང་གིས་སོ་ཐར་གྱི་སྡེ་བཟུང་། བསྒོམ་པ་ནི་བཟོད་པའི་དོན་བསྒོམ། སྤྱོད་པ་ཚུལ་ཁྲིམས་ལ་སྤྱོད། འབྲས་བུ་སོ་སོར་སྒོ་ཐར་དུ་འདོད། ལྷ་ས་ཡེར་བའི་ཀླུང་དུ་བདུད་འདུལ་གཡུང་དྲུང་གནས་ཀྱི་ལྷ་ཁང་བཞེངས། བདུད་ནག་པོ་པིར་གདོང་ཚར་བཅད། ཟང་ཟང་ལྷ་རྩེ་སོགས་འདུ་གནས་ཉི་ཤུ་རྩ་དགུར་འཕེལ། ཕམ་ཤིས་དུས་ཆེན་གྱི་སྡེ་བཟུང་། སྒོམ་པ་ནི་འགོག་པ་ལ་སྙོམས་པར་འཇུག སྤྱོད་པ་ཚུལ་ཁྲིམས་ལ་སྤྱོད། འབྲས་བུ་བསྐལ་ཆེན་གཅིག་རྫོགས་པ་དང་། བསྟན་པ་རྫོགས་པ་ནས་སངས་རྒྱས་པར་འདོད། གཡུང་དྲུང་རོལ་བའི་གསས་ཁང་ལ་སོགས་དགོན་སྡེ་སུམ་ཅུ་རྩ་བརྒྱད་འཕེལ་ལོ། །ཞེས་གསུངས་པ་ལྟར་རོ། །