བསྒྲལ་བའི་ཞིང་བཅུ་ཞེས་པ་གང་དང་གང་ཡིན།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་འདོན་མཁན། ལྡོང་སྐྱ་ལི།
དྲི་བ། བསྒྲལ་བའི་ཞིང་བཅུ་ཞེས་པ་གང་དང་གང་ཡིན།
ལན། བསྟན་པར་གནོད་པའི་བསྒྲལ་བའི་ཞིང་བཅུ་ཞེས་པ་དེ་དག་གང་དང་གང་། གལ་ཏེ་བསྟན་པར་ཐུག་ན་དེ་དག་ངེས་པར་དུ་བསྒྲལ་དགོས་སམ།
བསྒྲལ་བའི་ཞིང་བཅུ་ཞེས་པ་གསང་སྔགས་སྦྱོར་སྒྲོལ་སོགས་དྲག་སྒྲུབ་སྐབས་སུ་ཡང་ཡང་ཐོན་གྱིན་ཡོད་པ་དེ་ཚོ་གང་དང་གང་ཡིན་པ་༧སྨན་རིའི་དགེ་བཤེས་བློ་གྲོས་རབ་གསལ་ལགས་ཀྱི་(གནའ་བོའི་ཞང་བོད་ཚིག་མཛོད་)དུ་བཀོད་པར་འདིར་དྲངས་ན།
“བསྒྲལ་བའི་ཞིང་བཅུ། བསྟན་པ་བོན་གྱི་བཀའ་གཅོག་ཅེས་པ། གཡུང་དྲུང་བོན་བསྟན་ལ་མི་མོས་པར་སླར་སྐུར་པ་འདེབས་པ། གཤེན་གྱི་དཀོར་ལ་རློམ་པ་ཞེས་པ། སྒྲུབ་གཤེན་པའི་དཀོར་རྫས་ལ་རློམ་ནས་བརྐུས་ནས་འཇོམས་པ། བསྟན་པ་ཁྱད་གསོད་ཅེས་པ། གཡུང་དྲུང་བོན་བྱ་བ་དོན་མེད་རྫུན་ཡིན་ཟེར་བ། རུས་ཀྱི་ཕ་ཚན་སྙིང་ལོག་ཅེས་པ། ཕ་ཚན་སྙིང་བཞིན་གཅེས་པར་བྱས་པ་སླར་ལོག་པ་དགྲ་སྡང་སྟེ་གནོད་བྱེད་པ། བསླབ་པའི་སློབ་བུ་དམ་ལོག་ཅེས་པ། གཅེས་དམ་བྱས་པའི་སློབ་མ་སླར་ལོག་ནས་བསྐུར་པ་འདེབས་པ། བཅོལ་བའི་ལེ་གུ་ལྷ་ལོག་ཅེས་པ། ཤིན་ཏུ་གུས་པའི་སྦྱིན་བདག་གིས་ལྷ་དང་གསས་ལ་བཅོལ་ཡང་སླར་ལོག་ནས་ལྷ་དང་གསས་ལ་མི་གུས་མི་དད་པས་གཞན་གཙོ་བོ་ལེན་པ། སྲིད་པའི་གཏོ་ལ་འགལ་བ་ཞེས་པ། གཡུང་དྲུང་བོན་གྱི་གཞུང་ལུགས་ལ་འགལ་ཞིང་ལུང་ལོག་དང་ར་ཆོད་ཐོ་ཅོ་བྱེད་པ། གཤེན་དམ་གཉེན་པོ་དཀྲུག་པ་ཞེས། གཤེན་རབ་ལ་མངན་སེམས་དང་ཁ་ལོག་ནས་བརྙས་བཅོས་ཀྱི་ཚིག་སྒྲོགས་། དམ་ཚིག་རྡོག་པོས་གནོན་པ་ཞེས་པ། མཁན་སློབ་དང་མཆེད་ལྕམ་ནང་དམ་ཚིག་ཟེར་བ་རྫུན་ཡིན་ཟེར་ནས་ལོག་པ་སྣ་ཚོགས་བྱེད་པ། དགྲ་བོ་ལས་ངན་རྣམས་ཞེས་པ། གཡུང་དྲུང་བོན་གྱི་བསྟན་པ་ལ་སྡང་དགྲ་གནོད་བྱེད་དུ་གྱུར་པ་ཐམས་ཅད་སྙིང་རྗེའི་ཡུལ་དུ་བསམ་པ་བཅས་སོ། །
ཡང་ན། བསྟན་པའི་སྤྱི་དགྲ། བླ་མའི་སྐུ་དགྲ། སྒྲུབ་གཤེན་གྱི་སྒོས་དགྲ། བསྟན་པ་ཁྱད་དུ་གསོད་པ། བཀའ་དང་དམ་ལས་འགལ་བ། གཤེན་གྱི་དཀོར་ལ་རློམ་པ། མ་ཉེས་སྟབས་ལ་གཅོད་པ། བྱང་ཆུབ་སྒྲུབ་ལ་བར་ཆོད་བྱེད་པ། སེམས་ཅན་ཡོངས་ལ་གནོད་འཚེ་གཏོང་བ། སྲིད་པའི་གཏོ་ལ་འགལ་བ། ཡང་ན། དཀོན་མཆོག་གི་དབུ་འཕང་སྨད་པ། སངས་རྒྱས་ཀྱི་བསྟན་པ་བཤིག་པ། སེམས་དཔའི་འདུ་སྒོ་འཕྲོག་པ། ཐེག་པ་ཆེ་ཆུང་གི་བོན་ལ་དམོད་པ། བླ་མའི་སྐུ་ལ་བསྡོ་བ། གཡུང་དྲུན་སྤུན་ལ་ནང་དབྱེན་བྱེད་པ། དགེ་བྱེད་ལ་བར་ཆོད་བྱེད་པ། དམ་ཚིག་ལས་འདས་པའི་རྒོལ་བ། སྙིང་རྗེ་མེད་པ། སྒྲུབ་གཤེན་ཚད་ལྡན་ལ་ལོག་ལྟ་བྱེད་པ་བཅས་སོ། །”
ཁྱེད་ཀྱི་མུ་འབྲེལ་དྲི་བ་གཉིས་པའི་ཐད་ལ། གལ་སྲིད་སྒྲུབ་གཤེན་རང་ཉིད་ལ་གོང་དུ་བཤད་པའི་བསྒྲལ་བའི་ཞིང་བཅུ་དེ་དག་བསྒྲལ་ནས་སླར་ངན་སོང་གི་གནས་ནས་འདྲེན་ཐུབ་པའི་རྟོགས་པ་དང་ལྡན་ན་བསྟན་པར་ཐུག་སྐབས་བསྒྲལ་ཆོག་གི་ཡོད་པ་འདྲ། དེ་མིན་ཁ་ནས་གསང་སྔགས་གྱེར་ཤེས་པ་ཙམ་གྱིས་བསྒྲལ་བའི་ཞིང་བཅུ་བསྒྲལ་ན་སྒྲོལ་བ་པོ་རང་ཉིད་ངན་སོང་དུ་འགྲོ་རྒྱུ་ལས་མེད་དོ། །