བདེ་བར་གཤེགས་པའི་ས་བཅུ་གཉིས་སོགས་ཀྱི་སྐོར་ལ་དྲི་བ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཟྭ་བྷོ་ལོ།
དྲི་བ། ༡) སྒ་སྟོན་ཐེག་འགྲེལ་སོགས་སུ་བདེ་བར་གཤེགས་པའི་ས་བཅུ་གཉིས་པོའི་གྲངས་ཁུངས་འདྲེན་སའི་ཤ་འབལ་ལྷ་རྒྱུད་ཅེས་པ་ད་ལྟ་མཇལ་དུ་ཡོད་མེད། ༢) བདེ་བར་གཤེགས་པའི་ས་བཅུ་གཉིས་པོ་བདེ་བར་གཤེགས་པ་སྟེ་སངས་རྒྱས་ཀྱི་ས་ཡིན་ནམ། ༣) དབྱེར་མེད་གཡུང་དྲུང་ཐེག་པའི་ས་ཞེས་པ་ས་བཅུ་གཉིས་ལས་གང་ཡིན། ༤) བདེ་བར་གཤེགས་པའི་ས་བཅུ་གཉིས་ལ་སྤངས་རྟོགས་ཀྱི་རིམ་པ་མཐོ་དམན་ཡོད་དམ།
༡) ལན། དེ་དག་ལ་མཐའ་དཔྱོད་དང་རིག་པ་འཕེལ་བ་གང་ཡང་ཞུ་རྒྱུ་མེད་ཀྱང་གུས་པས་གང་མཐོང་བ་ཙམ་གླེང་ན། དང་པོ། ཤ་འབལ་ལྷ་རྒྱུད་ཅེས་པ་ད་ལྟ་ཡོད་མེད་སྐོར་ལ། སྒ་སྟོན་གྱིས་ཤ་འབལ་ལྷ་རྒྱུད་ལས་ལུང་ཐེངས་འགའ་ཞིག་དྲངས་ཡོད་པའི་ནང་ནས། མཚན་ལྡན་སྒྲུབ་གནས་བཤད་སྐབས་ཤ་འབལ་ལྷ་རྒྱུད་ལས་དྲངས་པའི་ལུང་དེ་དག་དབལ་ཕུར་ནག་པོའི་ཤ་འབལ་གྱི་རྒྱུད་དེ་ནས་དྲངས་པ་མིན་ནམ་སྙམ་པ་ཞིག་བྱུང་ཡང་། དབལ་ཕུར་ཤ་འབལ་གྱི་རྒྱུད་ནས་བདེ་བར་གཤེགས་པའི་ས་བཅུ་གཉིས་པོ་མ་བསྟན་པས་དེ་ཙམ་གསལ་ཁ་ཞུ་ཤེས་མ་སོང་། དེ་བཞིན་ལེགས་བཤད་མཛོད་ལས་གཏེར་དང་གཏེར་སྟོན་རྣམས་ཀྱིས་གཏེར་བཞེས་པའི་བོན་སྡེའི་ཁོངས་སུ་དབལ་ཕུར་ཤ་འབལ་ནག་པོའི་རྒྱུད་དེ་ལས་ཤ་འབལ་ལྷ་རྒྱུད་ཅེས་པ་ཞིག་ད་དུང་ཡང་རྙེད་མ་སོང་།
༢) ལན། སྤྱིར་འདིའི་སྐབས་ས་བཅུ་གཉིས་ཞེས་པ་ནི་བྱ་བ་གཙང་སྤྱོད་ཡེ་བོན་གྱི་ཐེག་པའི་གྲུབ་པའི་འབྲས་བུ་སྐབས་ཀྱི་འཕྲོས་བཤད་ཡིན་ལ། དེ་ཡང་བདེ་བར་གཤེགས་པའི་ས་བཅུ་གཉིས་པོ་དེ་བདེར་གཤེགས་ཏེ་སངས་རྒྱས་ཀྱི་ཡོན་ཏན་དང་རྟོགས་པའི་ཆར་གཏོགས་པར་སྙམ་སྟེ། དེ་དག་གང་དང་གང་ལ་གནས་པའི་སྐོར་སྒ་སྟོན་གྱིས་ཀྱང་གང་འཚམས་ཞིག་གསུངས་འདུག་པས་མཇུག་ནས་ཤེས་ནུས།
༣) ལན། དབྱེར་མེད་གཡུང་དྲུང་འོད་ཀྱི་ས་ཞེས་པ་ནི། སྒ་སྟོན་ལྟར་ན་དེ་དག་ལས་བཞི་པ་རིན་ཆེན་འོད་ཅེས་པ་དེ་ཡིན་དགོས་འདུག་སྟེ། ཀུན་ཏུ་འོད་ཀྱི་ས། བདུད་རྩི་འོད་དང་། ནམ་མཁའ་འོད་དང་། རིན་ཆེན་འོད་དང་། པདྨ་འོད་དང་། ལས་ཀྱི་འོད་དང་། དཔེ་མེད་འོད་དང་། དཔེ་ལྡན་འོད་དང་། ཤེས་རབ་འོད་དང་། ཐམས་ཅད་མཁྱེན་པའི་འོད་དང་། རང་རིག་འོད་ཀྱི་ས་བཅུ་གཉིས་པོ་ལས། དང་པོ་གསུམ་ནི་སྒ་སྟོན་ཐེག་འགྲེལ་ལས། “དེ་ལ་ཀུན་ཏུ་འོད་ཉི་ཟླ་ལྟར་ཀུན་ཏུ་སྣང་བའི་སྐུ། བདུད་རྩི་འོད་མོས་པ་སྣ་ཚོགས་སུ་གོ་བའི་གསུང་། ནམ་མཁའ་འོད་ཀུན་ཁྱབ་རྒྱ་མ་ཆད་པའི་ཐུགས། སྐུ་གསུང་ཐུགས་ཀྱི་རྩལ་གསུམ་རྫོགས་པ་ཕྱིའི་སྐུ་གསུམ་ལ་དབྱེ་བ་སྟེ། དོན་གྱི་འོག་མིན། གནས་ཀྱི་འོག་མིན། འཛམ་བུ་གླིང་གསུམ་དུ་འགྲོ་དོན་མཛད་པའོ། །” ཞེས་རྩ་བའི་སྐུ་གསུམ་ལ་སྦྱར་བ་དང་།
དེ་མཚམས་གོང་གི་རིན་ཆེན་འོད་ནི་སྒ་སྟོན་གྱིས། “གཡུང་དྲུང་འོད་ལས་སོགས་བཞི་ནི། སྐུ་མི་འགྱུར་བ། ཡོན་ཏན་དགོས་འདོད་འབྱུང་བ། གསུང་བོན་སྒོ་རྒྱས་པ། འཕྲིན་ལས་ཐོགས་པ་མེད་པ་སྟེ། རིགས་ཀྱི་རྟགས་བཞིའི་བདེ་བར་གཤེགས་པ་ལས་ཕྱེ་སྟེ། དེ་ཡང་ཤར་ཕྱོགས་མངོན་དགའ། ལྷོ་ཕྱོགས་ཡོན་ཏན། ནུབ་ཕྱོགས་བདེ་ལྡན། བྱང་ཕྱོགས་ལས་ཀྱི་འཇིག་རྟེན་ཏེ། རང་བཞིན་ལྷུན་གྱི་དཀྱིལ་འཁོར་ལ་བཞུགས་པའོ། །” ཞེས་སོགས་རིན་ཆེན་འོད་ལ་གཡུང་དྲུང་འོད་ཅེས་ཏེ་དེ་དག་རིགས་བཞིར་སྦྱར་བ་དང་། དེ་བཞིན་ཕྱི་མ་རྣམས་ནི། དེ་ཉིད་ལས། “ཚད་མེད་བཞིའི་བརྩེ་བ་དཔེ་མེད་འོད་དང་། རྨད་དུ་བྱུང་བའི་མཚན་དཔེ་ལྡན་པ་བཅུ་གཉིས་ནི། བརྩེ་བ་དང་ཡོན་ཏན་ལས་དབྱེ་བའོ། །” ཞེས་སངས་རྒྱས་ཀྱི་བརྩེ་བའི་ཡོན་ཏན་སོགས་ལ་སྦྱར་བ་དང་། དེ་བཞིན། “སོ་སོར་འབྱེད་པའི་ཤེས་རབ་འོད་དང་། འཕྲིན་ལས་སྤྲོ་བསྡུའི་ཚད་ཐམས་ཅད་མཁྱེན་པ་དང་། སླར་མཉམ་ཉིད་རང་རིག་ལ་བཞུགས་པ་དང་གསུམ་ནི། མཁྱེན་པ་དང་སྤྲོ་སྡུད་ལས་དབྱེ་བའོ། །” ཞེས་ཕྱི་མ་གསུམ་པོ་ནི་སངས་རྒྱས་ཀྱི་མཁྱེན་པའི་ནུས་སྟོབས་དང་སྦྱར་བ་སོགས་ས་བཅུ་གཉིས་པོ་དེ་རྩ་བའི་སངས་རྒྱས་ཀྱི་ཡོན་ཏན་དང་རྟོགས་པར་ཇི་ལྟར་ལྡན་ཚུལ་བསྟན་ནོ། །
༤) ལན། དེའི་ཐད་ལ་སྒ་སྟོན་གྱིས། ” སྤངས་རྟོགས་ཙམ་གྱི་སྤྱི་རིགས་ལ་ཁྱད་མེད་ཀྱང་། རྒྱུ་ལམ་ལ་ཐབས་ཟབ་ཞན་གྱིས་འབྲས་བུའི་ཕྲིན་ལས་ལ་རྒྱ་ཆེ་ཆུང་འབྱུང་སྟེ། དཔེར་ན་མཐུ་ལྡན་སྟོབས་མཆོག་བདེར་གཤེགས་སྟོང་དང་མཐུ་སྟོབས་མཉམ་པས། མཉམ་ལྡན་བྱམས་པ་བདེ་གཤེགས་སྟོང་དང་ཐུགས་རྗེ་དོ་མཉམ་ལྟ་བུའོ། །” ཞེས་གསུངས་ཀྱང་། ༸སྨྲ་དབང་ཡོངས་འཛིན་ཆེན་མོའི་(གསང་སྔགས་བཀའ་འགྲེལ་ལས)ལས། སྒ་སྟོན་གྱི་དགོངས་པར་དོགས་སེལ་གནང་ཡོད་པ་ནི། དེ་ཉིད་ལས། “དེ་ལ་བདེར་གཤེགས་རྣམས་སྤངས་རྟོགས་མཐར་ཐུག་ཡིན་པ་ལ་ཁྱད་མེད་པར་ཁས་བླངས། འཕྲིན་ལས་ལ་རྒྱ་ཆེ་ཆུང་ཡོད་པ་བཞེད་འདུག་པས། འཕྲིན་ལས་ཆུང་བའི་སངས་རྒྱས་བོན་ཅན། ཁྱོད་སྤངས་རྟོགས་མཐར་ཐུག་མ་ཡིན་པར་ཐལ། འཕྲིན་ལས་རྒྱ་ཆེན་པོ་འབྱུང་བའི་གེགས་དེ་མ་སྤངས་པའི་ཕྱིར། དེ་མ་སྤངས་པ་ཐལ། སྤོང་བྱེད་ཀྱི་རྒྱུ་ལམ་ལ་ཐབས་ཟབ་མོ་མ་བསྒྲུབ་པའི་ཕྱིར། །” ཞེས་སོགས་གསུངས་པ་དང་། འོ་ན་གོང་གི་ལུང་དོན་དེ་ཇི་ལྟར་ཡིན་སྙམ་ན། གསང་སྔགས་བཀའ་འགྲེལ་ལས། “རང་ལན་ནི། རྩ་རྟགས་མ་གྲུབ། ཐལ་འགྱུར་ཕྱི་མ་ལ་མ་ཁྱབ་སྟེ། བདེ་བར་གཤེགས་པའི་ས་བཅུ་གཉིས་ནི་སྤངས་རྟོགས་མཐོ་དམན་གྱི་རིམ་པ་མ་ཡིན་པར་ནང་གི་ཡོན་ཏན་གྱི་ལྡོག་ཆ་ནས་བཞག་པ་ཡིན་པའི་ཕྱིར། གཞན་ཡང་ལུང་དེ་ཡི་དོན་ཐེག་པ་གོང་མ་ལ་ལྟོས་ཏེ་གསུངས་པ་ཡིན་ན་འདོད་དེ། གོང་མའི་སྤང་བྱ་རྣམས་འདིས་མ་སྤངས་པའི་ཕྱིར། འདི་ལས་འཕྲོས་ཏེ་བརྟག་བྱ་མང་། །” ཞེས་གསུངས་འདུག་པས་དེ་ལྟར་འདོད་པར་སེམས་སོ།། །།