ཕྲོམ་དང་གེ་སར་སོགས་ཀྱི་སྐོར་ལ་དྲི་བ།
ལག་བསྟར་བ། དོ་དམ་པ། · ཟླ་བདུན་པ། 1, 2018
དྲི་བ། གནའ་དུས་གེ་སར་དང་ཕྲོམ་འབོད་པའི་ས་གནས་དེ་རྣམས་དེང་སྐབས་རྒྱལ་ཁབ་འདིའི་ས་ཁོངས་ཡིན་ཟེར་བ་ངོས་འཛིན་ཡོད་དམ།
བཀའ་དྲི་གནང་མཁན། ཞང་ཚུལ་མི། ལན་འབུལ་མཁན། རྩོམ་སྒྲིག་པ།
ལན། སྤྱིར་གེ་སར་སྐོར་དེར་ཕྱིས་བྱུང་མཁས་པ་རྣམས་ཀྱིས་སོ་སོས་འདོད་ཚུལ་ཙམ་སྟེ། བྱང་གེ་སར་དང་། ཧོར་གེ་སར། ཕྲོམ་གེ་སར། གྲུ་གུའི་གེ་སར་སོགས་སྣ་ཚོགས་པ་ཞིག་ལས་ངེས་པ་གཅིག་ཏུ་འབབ་པ་ཞིག་གསུང་ཐུབ་ཀྱིན་མེད་སྟབས། མིང་དེས་ཁྱབ་པའི་ས་གནས་དེ་དག་ད་ལྟའི་རྒྱབ་ཁབ་དང་ལྗོངས་ཞིང་ཆེན་འདི་དང་འདིའི་ཁོངས་སུ་དང་། འདི་ནས་དེའི་བར་ཞེས་གྲིས་བཅད་པ་ནང་བཞིན་གྱི་ས་མཚམས་དང་ཆུ་མཚམས་ཏག་ཏག་འགྱེད་ཐུབ་པ་ཞིག་མིན་ནའང་། ད་ལྟའི་དུས་རབས་ཉེར་གཅིག་པའི་འཕྲུལ་རིག་ཚན་རྩལ་ལ་བརྟེན་ཏེ་ས་ཁམས་རིག་པ་བ་ཚོས་ཡུལ་དངོས་སོགས་སུ་བརྟག་ཞིབ་བྱས་པའི་གྲུབ་འབྲས་དེ་དག་གཞི་ལ་འཇོག་སྟེ། རང་རེའི་ལོ་རྒྱུས་རྙིང་པ་རྣམས་སུ་གང་འཁོད་ཡོད་པ་དེ་དག་ཕན་ཚུན་གོ་བསྡུར་རེ་གནང་ཐུབ་ན། ད་གཟོད་སྔར་གྱི་བཤད་རྒྱུན་དེ་དག་ལས་ཅུང་ཁ་གསལ་དུ་འགྲོ་རྒྱུ་ཡོད་པ་ནི་སྨྲོས་མེད་དུ་འདོད།
ལོ་རྒྱུས་རྙིང་པ་རྣམས་སུ་སྐབས་འགར་གེ་སར་དང་ཕྲོམ་(ཁྲོམ་བྲིས་པའང་འདུག)གཅིག་ཏུ་བཤད་པ་དང་། ཡང་སྐབས་འགར་སོ་སོར་བཤད་པའང་བྱུང་སྟབས་ལོ་རྒྱུས་རྙིང་པ་དེ་ཚོའི་ནང་འདི་དག་གི་སྐོར་ཞིབ་འཇུག་བྱེད་མཁན་ཚོར་མགོ་རྙོག་ཙམ་བྱུང་བཟོ་རེད། དཔེར་ན་གེ་སར་དང་ཕྲོམ་གཉིས་གཅིག་ཏུ་བཤད་པ་ནི། མདོ་གཟེར་མིག་ལས། “ བྱང་ཕྱོགས་གེ་སར་ཕྲོམ་གྱི་ཡུལ། མཐའ་རས་ཤ་ཟན་བོད་ཀྱི་གནས། ཉིང་ཤ་ཉིང་གིས་ཟ་བའི་ཡུལ། ཉིང་ཁྲག་ཉིང་གིས་འཐུང་བའི་གནས། ” ཞེས་དང་།
སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། ” བྱང་ཕྱོགས་ཕྲོམ་གེ་སར་གྱི་ཡུལ་ན་བོན་གྱི་རྒྱལ་བོ་ཕྲོམ་བོན་མཐུ་ཆེན་བྱ་བ་ཡོད། བོན་གྱི་བློན་པོ་ཨེ་ཝེར་དང་ཏིང་ཝེར་རོ། །” ཞེས་དང་།
རྩ་རྒྱུད་ཉི་སྒྲོན་ནས། “ དེ་ནས་སྟོན་པ་ཕྲོམ་གྱི་ཡུལ་དུ་བྱོན། ཕྲོམ་གེ་སར་བྱ་ཞུ་ཅན་ལ། དགྲ་ལ་མངགས་པ་དང་། དགྲ་སྲི་མནན་པའི་བོན་བསྟན་ནོ། །“ ཞེས་དང་།
ཞང་ཞུང་སྙན་རྒྱུད་གྱི་རྣམ་ཐར་ལས། “ ཁྲི་སྲོང་མངའ་ཐང་རྒྱས་པས། ཕྱི་བློན་བཅུ། ནང་བློན་བཅུ། ཕྲིན་བློན་བཅུ་ཡོད་པས། དུས་དེར་བོད་ཀྱིས་སྟག་གཟིགས་ནོར་གྱི་རྒྱལ་པོ་བཏུལ་ཏེ། ཚོད་ལམ་མཐའ་གཞི་ཆེ། རོང་ཤིང་རོང་གི་ཟམ་པར་ཁས་བླངས། ཕྲོམ་གེ་སར་དམག་གི་རྒྱལ་པོ་བཏུལ། གཉེན་ལམ་མཐའ་བཞི་ཁས་བླངས། རྒྱ་གར་ཆོས་ཀྱི་རྒྱལ་པོ་བཏུལ། ཡོན་མཆོད་དུ་ཁས་བླངས། “ ཞེས་པ་སོགས་གེ་སར་དང་ཕྲོམ་གཉིས་གཅིག་ཏུ་བཤད་པ་མང་།
ཡང་གེ་སར་དང་ཕྲོམ་གཉིས་སོ་སོར་བཤད་པ་ནི། བོད་དང་ཉེ་འཁོར་ཡུལ་ཆེན་བཅོ་བརྒྱད་བཤད་སྐབས། བསྒྲགས་པ་རིན་ཆེན་གླིང་གྲགས་ལས། “ དེ་ལ་ཡུལ་ཆེན་པོ་བཅོ་བརྒྱད་ནི། ཤར་ན་རྒྱ་ནག་དང་ཁྲི་དུན་གཉིས། བྱང་ན་གེ་སར་དང་ཧོར་གཉིས། ནུབ་ན་སྟག་སྡེ་དང་གཟིག་འཕེན་གཉིས། ལྷོ་ན་རྒྱ་གར་དང་ཁ་ཆེ་གཉིས། དབུས་ན་གངས་ཀྱི་ར་བ་ཅན་དང་དགུའོ། ཤར་རྒྱ་ནག་གི་མཐའ་ན། རྒྱ་མོ་ཁྱི་ཁྱོད་ཅན་དང་ཐོ་གར་གཉིས། བྱང་ཧོར་གྱི་མཐའ་ན་སོག་པོ་དང་སྦལ་ཁ་གཉིས། ནུབ་སྟག་གཟིག་གི་མཐའ་ན། ཀོའུ་ལི་དང་ཕུ་ན་གཉིས། ལྷོ་རྒྱ་གར་གྱི་མཐའ་ན་ཏ་ཡུལ་དང་ཧུ་ན་གཉིས། དབུས་ན་གསེར་ཟངས་མུ་ཏིག་གི་གནམ་ཡོལ་དང་དགུའོ། །” ཞེས་དང་།
བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེའུ་མིག་ལས། “ ལྷོ་འཛམ་བུ་གླིང་ལ་རི་དགུ་ཡིས་ཕྱི་ནས་ནང་དུ་འཁོར་ནས་ཡོད་དེ། འདི་ནི་བྱང་ནས་ལྷོ་རུ་བརྩིས་པ་སྟེ། འཛམ་གླིང་བྱང་གི་ཁ་ཁྱེར་ལ། མཚོ་དང་གླིང་འབྱེད་པ་ཏིང་བྱེར་གྱི་རི་རྒྱུད་བྱ་བ་ཡོད། དེ་ལ་གཅན་གཟན་སྣ་ཚོགས་གནས་སོ། །དེའི་ལྷོ་ན་མཐའ་འཁོབ་དང་ཡང་འཁོབ་འབྱེད་པ་རི་བོ་ད་ཤན་གྱི་རི་རྒྱུད་ཡོད། དེ་ལ་གནོད་སྦྱིན་ཕོ་མོ་མི་ལ་མངོན་སུམ་དུ་རྒྱུགས་པ་གནས་སོ། །དེའི་ལྷོ་ན་ཡང་འཁོབ་དང་མཐའ་འཁོབ་དུ་འབྱེད་པའི་རི་བོ་ཤ་ཚགས་ཀྱི་རི་རྒྱུད་ཡོད། དེ་ལ་མི་རྒོད་ཤ་ཤོར་གྱི་རིགས་གནས་སོ། །དེའི་ལྷོ་ན་མཐའ་འཁོབ་དང་གེ་སར་དུ་འབྱེད་པའི་རི། ལ་ཤངས་རྩེ་མངས་ཀྱི་རི་རྒྱུད་ཡོད། དེའི་རྩ་ན་རྩི་ཤིང་སྐྱེས། རི་ལ་རི་དྭགས་གནས་སོ། །དེའི་ལྷོ་ན་ཕྲོམ་དང་གེ་སར་དུ་འབྱེད་པའི་རི། དན་ཤན་གྱི་རི་རྒྱུད་གནས་ཏེ། དེ་ལ་རྩི་ཤིང་དང་འདབ་ཆགས་མང་བར་གནས་སོ། །དེའི་ལྷོ་ན་ཕྲོམ་དང་ཧོར་དུ་འབྱེད་པའི་རི་བྱང་རྩུག་རི་ཞེས་བྱ་བ་ལ། རྩི་ཤིང་དང་ནགས་ཚལ་གཅན་གཟན་དང་འདབ་ཆགས་གནས་སོ། །དེའི་ལྷོ་ན་ཧོར་དང་གྲུ་གུ་དང་རུ་འབྱེད་པ་ཤང་ལ་ནག་པོ་བྱ་བ་ལྕགས་རི་དང་ཟངས་ཐང་དུ་ཡོད་དོ། །དེའི་ལྷོ་ན་གྲུ་གུ་ཚ་གསེར་དུ་འབྱེད་པ། བ་དག་ཤན་གྱི་རི་རྒྱུད་གནས་སོ། །དེའི་རྒྱབ་ན་ཚ་གསེར་དང་འབྲུ་བོད་དུ་འབྱེད་པ་ཏ་ལ་ནག་པོའི་རི་རྒྱུད་ཡོད་དོ། ། ” ཞེས་རི་ནག་དགུ་རྒྱུད་འཆད་སྐབས། འཛམ་གླིང་བྱང་ཕྱོགས་ནས་འགོ་བཟུང་སྟེ་དབུས་གངས་རི་ཏི་སེ་བར་རི་ནག་དགུ་ལས་ཕྲོམ་དང་གེ་སར་འབྱེད་པའི་རི་བོ་ད་ཤན་བྱ་བས་བཅད་པར་བཤད་པས་དེས་ན་ཕྲོམ་དང་གེ་སར་སོ་སོར་བསྟན་ཡོད།
གང་ལྟར་ང་ཚོས་དེང་ས་ཁམས་རིག་པ་བ་ཚོས་གཏན་ལ་ཕབས་པའི་ཡུལ་དཔྱད་དང་ས་ཁྲ་དེ་ཚོའི་ནང་དུ་བོད་ཀྱི་ལོ་རྒྱུས་སུ་འཁོད་པའི་ཡུལ་ཆེན་བཅོ་བརྒྱད་དང་རི་ནག་དགུ་རྒྱུད་ཀྱི་མིང་དེ་ཚོ་ད་ལྟའི་ཡུལ་ལུང་གང་དང་གོ་ལའི་ཤར་ནུབ་གང་ཞིག་ཏུ་ཁེལ་གྱིན་ཡོད་མེད་འཚོལ་རྒྱུ་དེ་རེད།
སྤྱིར་ལོ་རྒྱུས་ཡིག་ཆ་དེ་ཚོར་བརྟག་ན་ཕྲོམ་པ་དེ་ཚོ་བོད་མི་ཡིན་པའི་ཟུར་དེ་ཙམ་མི་འདུག་སྙམ། དཔེར་ན། སྟོན་པའི་རྣམ་ཐར་འབྲིང་པོ་མདོ་གཟེར་མིག་ལས། “ མི་ལས་གདུག་པ་ཆེ་བ་ནི། །ཕྲོམ་གྱི་མཐའ་རས་བོད་མི་ཡིན། །བོད་ལས་གདུག་པ་ཆེ་བ་ནི། །མྱང་དྭགས་ཀོང་དང་གསུམ་པོ་ཡིན། ” ཞེས་དང་། བཀའ་ཆེམས་ཀ་ཁོལ་མ་ལས། “ དུས་དེ་ཙ་ན་རྒྱ་ནག་རྒྱལ་པོའི་ཡུལ་ན་གྲོང་ཁྱེར་ཁྲི་སྒོ་རྩེགས་པ་བྱ་བ་ན། རྒྱ་ནག་རྒྱལ་པོ་ཀོང་རྩེ་འཕྲུལ་ཆུང་གི་ཕོ་བྲང་དུ། མི་རིགས་མི་གཅིག་པའི་མཉེ་བོ་ཚན་པ་བཞི་འཚོགས་ཏེ། རྒྱ་གར་ཆོས་ཀྱི་རྒྱལ་པོའི་རྟ་པ་བརྒྱ། སྟག་གཟིག་ནོར་གྱི་རྒྱལ་པོའི་རྟ་པ་བརྒྱ། ཁྲོམ་གེ་སར་དམག་གི་རྒྱལ་པོའི་རྟ་པ་བརྒྱ། བོད་ཀྱི་རྒྱལ་པོའི་རྟ་པ་བརྒྱ་དང་བཅས་པའི་རྟ་པ་བཞི་བརྒྱ་ཙམ་དུ་ལྷགས་སོ། ། ” ཞེས། གོང་དུ་གཟེར་མིག་ལས་བོད་མི་དེ་ཚོ་ཕྲོམ་ཞེས་པའི་རྒྱལ་ཁམས་དེའི་མཐའ་ན་གནས་ཡོད་པ་དང་། གཤམ་དུ་ཀ་ཁོལ་མ་ལས་གོང་མ་ཀོང་ཙེ་འཕྲུལ་ཆུང་གི་སྲས་མོའི་གཉེན་སློང་མཁན་གྲས་སུ་ཕྲོམ་གེ་སར་དང་བོད་ཀྱི་གཉའ་བོ་སོ་སོར་སླེབས་པ། དེ་བཞིན་གོང་དུ་དྲངས་པའི་ཡུལ་ཁམས་ཕན་ཚུན་གཅོད་བྱེད་ཀྱི་རི་ཆུ་དེ་དག་གིས་ཤེས་ནུས།
གནད་གཞན་ཞིག་ནི་ཡུལ་མིང་དེ་དག་འཚོལ་སྐབས་ལོ་རྒྱུས་རྣམས་སུ་ཐ་སྙད་དེ་དག་དང་མཉམ་དུ་ཐོན་ཡོང་བའི་ཡུལ་མིང་གཞན་ཏེ། དེ་ཚོ་ཕན་ཚུན་ས་འབྲེལ་ཡིན་སྲིད་པར་སྙམ་པའི་དོགས་ཡོད་ཀྱི་ཡུལ་མིང་རྣམས་འཚོལ་ཞིབ་བྱ་རྒྱུ་ནི་ཐབས་ལམ་གལ་ཆེན་ཞིག་ཡིན་སྟབས། ངས་མཇུག་ནས་དེང་རབས་ས་ཁམས་རིག་པའི་ལོ་རྒྱུས་དང་ཡུལ་དཔྱད་ས་ཁྲ་ཁག་ལ་གཞི་བཅོལ་ཏེ་ཅུང་ཞིག་གླེང་འདོད་བྱུང་།
ཕྲོམ་དང་གེ་སར་གླེང་སྐབས་དྲུ་གུ་དང་གར་ལོག ཐོད་གར། བྲུ་ཤ། སྟག་གཟིག འ་ཞ་ཟེར་བའི་རྒྱལ་ཁམས་དེ་ཚོ་ཡང་ནས་ཡང་དུ་ཐོན་ཡོད། འདིར་བཤད་དྲུ་གུ་ནི། དྲུ་གུའི་སྐད་གདངས་ངོ་མ་ཁོ་ཚོའི་ཡིག་ལམ་ཏུ་རུག་(Türük རྒྱ་སྐད་དུ། 突厥) ཞེས་པ་ནི། བོད་ཀྱི་ལོ་རྒྱུས་རྣམས་སུ་སྟོད་དྲུ་དང་སྨད་དྲུ་(དོན་དུ་ཤར་ནུབ་ལ་གོ)སོགས་བཤད་ཚུལ་ཡོད་ལ། དེ་བཞིན་དེང་ཏུར་ཁིའི་(Turey)འབོད་པའི་རྒྱལ་ཁབ་དེ་ཡིན་པར་ངོས་འཛིན་མཁན་བྱུང་འདུག་ཀྱང་། སྔོན་གྱི་དྲུ་གུ་ཞེས་པའི་རྒྱལ་ཁམས་དེས་ཁྱབ་ཚད་ད་ལྟའི་ས་བབ་ཆགས་ཚུལ་ལ་སྦྱར་ན་དེང་རྒྱ་ནག་གིས་འབོད་ཀྱིན་པའི་ཤིན་ཅང་ངམ་ཡོངས་གྲགས་ཤར་ཏུརྐི་སི་ཐན་ཕྱོགས་ཀྱི་ཡུལ་སྤྱི་ཡི་ཆ་ལ་འཇུག་པར་སྣང་། འདིའི་མི་རིགས་འཕེལ་འགྱུར་གྱི་དུས་རབས་ནི་ཕྱི་ལོའི་སྔོན་(6th BCE )གྱི་དུས་རབས་དྲུག་པ་ཡས་མས་ནས་འགོ་ཚུགས་ཏེ། ཕྱི་ལོའི་དུས་རབས་དྲུག་པ་(AD 551 )ཙམ་ནས་དངོས་སུ་སྟོབས་ཤུགས་ཅན་གྱི་རྒྱལ་ཁམས་ཏུར་ཀིག་ཁ་གྷ་ན་ཏེ་ (Turkic Khaganate 突厥汗国 ) ཞེས་པ་ཚུགས་ནས་གོང་སྨྲས་ཀྱི་ཤར་ཏུར་ཀིའི་ཕྱོགས་ཀྱི་ས་ཁྱོན་མང་དག་མངའ་འོག་ཏུ་བསྡུས་འདུག ཕྱིས་སུ་དྲུ་གུ་ནུབ་མ་དང་ཤར་མ་གཉིས་སུ་གྱེས་ནས་སྐབས་དེའི་དྲུ་གུ་ཤར་མ་ནི་ད་ལྟའི་ས་བབ་དང་སྦྱར་ན་ཤིན་ཅང་ངམ་ཤར་ཏུརྐི་ནས་ནང་སོག་གི་ས་འབྲེལ་རྒྱུད་དང་། དྲུ་གུ་ནུབ་མ་ནི་ད་ལྟའི་ཤིན་ཅང་ཕྱོགས་ནས་ཀིར་གྷིའི་སི་ཐན་(Kyrgyzstan)སོགས་ཀྱི་ས་འབྲེལ་ལྟ་བུ་ཡིན་པར་སྙམ།
དྲུ་གུ་ནི་སྐབས་ཞིག་གོང་མའི་དབང་འོག་ཏུ་བཅུག་ཅིང་། ཡང་སྐབས་ཞིག་བོད་ཀྱིས་དབང་དུ་བསྡུས་པའི་ལོ་རྒྱུས་ཡང་ཡོད་དེ། ཏུན་ཧུང་ཡིག་ཆ་བཙན་པོ་རིམ་བྱུང་གི་ལོ་རྒྱུས་ལས། “ བྱང་ཕྱོགས་ཀྱི་དྲུ་གུ་ཀུན་ཀྱང་འདུས་ལ། ཏ་ཟྀག་ལ་ཐུག་པ་མན་ཆད་རྒྱ་འྀ་ཁམས་སུ་གཐོགས་སྟེ། །རྒྱ་འྀ་ནོར་མང་པོ་སྟོད་པྱོགས་སུ་འདོན་པ་རྣམས། །ཀྭ་ཅུ་ན་ཚོགས་བྱས་པ་ལས། །ཐམས་ཆད་བོད་ཀྱིས་ཕབ་སྟེ་བཞེས་པས། །” ཞེས་པས་ཤེས་ནུས།
གར་ལོག་ནི། ཡུལ་ཕྱོགས་དེ་གའི་སྐད་དུ་ཀར་ལུགས (Karluqs, Qarluk, Karlik, Khallokh 葛逻禄) ཏེ། ཀར་ནི་གངས་རི་དང་། ལུག་གམ་ལིག་ནི་རྡུལ་རྩིགས་ལ་གོ་བར་བཤད། ཡུལ་དེ་ནི་ད་ལྟའི་ས་བབ་དང་སྦྱར་ན་ཀཱ་ཛག་སི་ཐན། (Kazakhstan) དང་། ཀིར་གྷི་སི་ཐན། (Kyrgyzstan) སོགས་ཀྱི་ཡུལ་སྤྱི་ལ་དབང་བསྒྱུར་བའི་དྲག་པོ་དམག་གི་རྒྱལ་ཁམས་ཞིག་བྱུང་བ་དེར་གོ། དུས་རབས་ནི་ཕལ་ཆེར་ཕྱི་ལོའི་དུས་རབས་དྲུག་པ་ཡས་མས་ཏེ། སྐབས་དེ་ཙམ་ནས་གར་ལོག་གིས་དྲུ་གུ་ནུབ་མ་སོགས་རིམ་པར་དབང་དུ་བསྡུས་པར་བཤད། གར་ལོག་གི་དྲག་པོའི་དམག་སྟོབས་ཡུལ་དེ་ཙམ་མ་ཟད་བོད་ཀྱི་སྟོད་ཕྱོགས་སོགས་སུ་ཁྱབ་པར་གྱུར་བའི་ལོ་རྒྱུས་ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་སོགས་ནས་གསལ་ལ། བོན་ཕྱོགས་དྲང་དོན་སྒྲོན་མ་མུན་སེལ་གྱི་གཏམ་རྒྱུད་བརྡ་ཡི་གཟེར་བུ་ལས། “ སྔོན་པུ་རོང་གི་རྒྱལ་པོ་དང་གར་ལོག་སོག་པོ་སྐྱུང་སྐད་ཀྱི་དམག་འཐབ་པ་ལ། མི་ཐམས་ཅད་གྲི་རུ་བསད། ནོར་ཟས་ཐམས་ཅད་ནི་གར་ལོག་དམག་གིས་ཁྱེར། ” ཞེས་གསལ་བ་ལྟར་དང་། སྐབས་འདིར་སོག་པོ་ཞེས་པ་ནི་ད་ལྟའི་ཕྱི་སོག་དང་ནང་སོག་གི་སོག་པོ་དེ་ཙམ་ལ་གོ་བ་ལེན་རྒྱུ་མིན་པར་སྐབས་དེའི་སོག་པོ་ནི་གར་ལོག་དང་གྲུ་གུ་ཐོད་གར་སོགས་ཀྱི་མི་རིགས་འདུས་ཚོགས་ཅན་གྱི་མངའ་དབང་སྒྱུར་མཁན་གྱི་མི་རིགས་ཞིག་ལ་གོ་བ་འདྲ།
ཐོད་གར་ནི། པཱར་སིག་སྐད་དུ་ཏོ་ཁ་རའམ་(Tokhara ) ཡོངས་གྲགས་དབྱིན་ཡིག་ཏུ་བྷག་ཊི་རི་ཡ་(Bactria) སྟེ། ད་ལྟའི་ཆར་རྒྱ་ནག་གི་ནུབ་ཕྱོགས་ས་འབྲེལ་རྒྱལ་ཁབ་ཨུཛ་བྷེག་སི་ཐན་(Uzbekistan ) ཡུལ་གྱི་རི་བོ་དཱ་ཤན་(Tain Shan) རྒྱུད་ནས་ཨབ་གྷན་ནི་སི་ཐན་(Afghanistan) སོགས་ཀྱི་ཡུལ་ལ་ཕྱི་ལོའི་གོང་གི་ལོ་ (༢༢༠༠ – ༡༧༠༠ BC) ཡས་མས་དབང་བསྒྱུར་བྱས་པའི་རྒྱལ་ཁམས་ཞིག་ལ་གོ།
བྲུ་ཤའམ་བྲུ་ཞ་ནི། ལོ་རྒྱུས་རྣམས་སུ་གནའ་སྔོན་ཡུལ་གྲུ་ཁེར་བཙན་ཡིན་ཡང་ཕྱི་ལོ་ ༦༨༦ ལོར་བོད་ཀྱི་མངའ་འོག་ཏུ་བསྡུས་འགོ་ཚུགས། མཐར་ ༧༥༦ ལོར་བོད་འོག་ཏུ་ཡོངས་སུ་བཙུད་དེ་བོད་ཀྱི་རྒྱལ་ཕྲན་ཞིག་གི་ཚུལ་དུ་གནས་པ་བོད་བཙན་པོ་དང་གཉེན་འབྲེལ་ཡང་བྱས། དེ་ཡང་དེང་སང་ལྟར་ན་པཱག་སི་ཐན་( Pakistan)ཡུལ་ཏེ། དེའི་ཤར་ཕྱོགས་སྦལ་ཏིའམ་གྷིལ་གྷིཏི་(Gilgit 勃律) ཁུལ་ནི་བྲུ་ཤ་ཆེ་བ་ཡིན་པ་དང་། བོད་ཀྱིས་དབང་སྒྱུར་སྐབས་འགའ་ཞིག་དེའི་ཉེ་འཁོར་རྒྱལ་ཁབ་རྣམས་སུ་བྲོས་པས་ད་ལྟའི་ནུབ་ཀྱི་ཀིར་གྷི་སི་ཐན་(Kyrgyzstan) གྱི་མངའ་ཁོངས་རྣམས་ནི་བྲུ་ཤ་ཆུང་བ་ཡིན་པར་བཤད།
སྟག་གཟིག་ནི། འདིའི་སྐབས་ཀྱི་སྟག་གཟིག་ནི་སྟོན་པ་གཤེན་རབ་འཁྲུངས་ཡུལ་གྱི་རྟག་གཟིགས་འོལ་གླིང་ལ་གོ་རྒྱུ་མིན་པར་བོད་ཀྱི་ནུབ་ངོས་ས་འཚམས་དང་འབྲེལ་བའི་སྟག་སྡེ་དང་གཟིག་འཕེན་གཉིས་ཞེས་པའི་སྟག་གཟིག་ལ་གོ་དགོས། དེ་ནི་ད་ལྟའི་ཏ་ཇིག་སི་ཐན་( Tajikistan )ཟེར་བའི་ཡུལ་སྤྱིའི་ཕྱོགས་སུ་ངོས་བཟུང་དགོས་པ་ནི། གོང་སྨྲས་བོད་ཀྱི་ནུབ་ཕྱོགས་སུ་སྟག་སྡེ་དང་གཟིག་འཕེན་གཉིས་ཡོད་གསུངས་པའི་གཟིག་འཕེན་ནི་ཏག་ཇིག་སི་ཏན་གྱི་ཁྱིམ་ཚེས་རྒྱལ་ཁབ་ཨུཛི་བྷེག་སི་ཐན་(Uzbekistan)ཟེར་བ་དེ་མིན་ནམ་སྙམ་སྟེ། གཅིག་ནས་རྒྱལ་ཁབ་དེ་གཉིས་ནི་ཏག་ཏག་བོད་ཀྱི་ནུབ་ཕྱོགས་དང་ཁེལ་ཡོད་པ་དང་། གཉིས་ནས་བོད་སྐད་དུ་སྟག་སྡེ་དང་གཟིགས་འཕེན་གསུངས་པ་ནི་ཡུལ་ཁམས་དེ་གཉིས་ཀྱི་མིང་གི་སྒྲ་ཐོག་མ་སྟག་དང་། ཨུཛི་བྷེག་གི་སྒྲ་མགྱོགས་པོར་ཀློག་ན་གཟིག་འཕེན་འདྲ་བོ་ཡོང་གི་ཡོད་པ། བོད་སྐད་དུ་སྔར་ནས་སྟག་དང་གཟིག་གཉིས་ཀྱི་ཐ་སྙད་ཡང་ཡང་མཉམ་དུ་ཐོན་གྱིན་པ་སོགས་ཐ་སྙད་རྒྱུན་ཆགས་འབྲི་རྒྱུ་ཡོད་པར་སོང་སྟག་སྡེ་དང་གཟིགས་འཕེན་ཞེས་ཡིག་ཐོག་ཏུ་བཀོད་པར་འདོད།
དེ་བཞིན་བསྒྲགས་གླིང་ནས། “ སྟག་གཟིག་དང་རྒྱ་གར་གྱི་བར་ནི། མོན་མཚོ་ནག་པོ་གཏིང་རིང་གིས་བཅད། ” ཅེས་གསུངས་པའི་མོན་མཚོ་ནག་པོ་གཏིང་རིང་ནི་རྒྱ་གར་གྱི་བྱང་ཕྱོགས་སུ་གནས་པའི་ད་ལྟའི་ཏ་ཇིག་སི་ཐན་(Tajikistan)གྱི་མངའ་ཁོངས་སུ་ཡོད་པའི་མཚོ་ཆེན་ཀ་ར་ཀུལ་(Karakul, Qarokul ) ཞེས་པ་དེ་མིན་ནམ་སྙམ་སྟེ། ཡུལ་སྐད་དུ་ཀ་ར་ཀུལ་ཞེས་པ་ནི་མཚོ་ནག་(black lake)ཅེས་པའི་དོན་ཡིན་པར་བཤད།
འ་ཞ་ནི། Tuyuhun (吐谷浑) ཏེ་བོད་ཀྱི་རུས་མཛོད་སོགས་སུ་བོད་ཀྱི་རུས་རྒྱུད་འཛིན་པའི་ཡུལ་ཁམས་ཞིག་ཏེ། རུས་མཛོད་མེ་ཏོག་སྐྱེད་ཚལ་ལས། “ ལྡོང་ལ་རུས་ཆེན་བཅོ་བརྒྱད། །སེང་རྒྱལ་འ་ཞ་བུ་དགུ་གྲོལ། །” ཞེས་སོགས་བཤད་ཀྱང་། རྒྱ་ཡི་ཡིག་ཚང་ཁག་ཏུ་ཕྱི་ལོའི་དུས་རབས་གསུམ་པའི་དཀྱིལ་ཙམ་ནས་ད་ལྟའི་ནང་སོག་ཏུ་འབོད་ཀྱིན་པའི་འབྲོག་སྡེའི་མི་རིགས་ཚོ་པ་འགའ་མཚོ་སྔོན་པོའི་ནུབ་ཁུལ་དུ་བཅའ་སྡོད་ཀྱིས་རིམ་བཞིན་དབང་ཤུགས་ཅན་གྱི་རྒྱལ་ཁམས་ཞིག་ཆགས་ཏེ་རྒྱལ་ས་ལྟེ་བ་མཚོ་སྔོན་པོའི་ནུབ་འགྲམ་འ་ཞའི་རྒྱལ་མཁར་ཏེ་ཕུ་ཙི་ཀྲང་(伏俟城) ཟེར་བ་དེ་ཡིན་པར་བྲིས་ཡོད་པ་དང་། ཕྱི་ལོ་ ༢༨༤ ཙམ་ནས་རྒྱལ་རབས་དང་པོ་དམུ་རོང་ཀྲུ་གུ་ཕུན་(慕容吐谷渾) ནས་ཕྱི་ལོ་ ༦༧༢ སྟེ་རྒྱལ་རབས་མཐའ་མ་དམུ་རོང་ནཱོ་ཧྲི་པོ་(慕容諾曷鉢 ) བར་རྒྱལ་རབས་བཅུ་དགུ་ཙམ་བྱུང་ཡོད་པར་འདོད།
དེ་བཞིན་བོད་ཀྱི་ལོ་རྒྱུས་ཁག་ཏུ་ཕྱི་ལོ་ ༦༤༣ ཙམ་ནས་བོད་བཙན་པོས་དབང་འོག་ཏུ་བསྡུས་པའང་བཤད་དེ། ཏུན་ཧོང་གཏེར་ཡིག་ལས། “ འུང་གྀ་འོག་དུ་བཙན་པོ་ཞབས་ཀྱིས་བཙུགས་སྟེ། །བཟང་ལམ་དུ་མ་བྱུང་མ་དྲངས་པར། །རྒྱ་དང་འ་ཞས་དཔྱའ་གཙལ་ལོ། །ཐོག་མ་འ་ཞ་དེ་ནས་འབངས་སུ་མངའ་འོ། །” ཞེས་གསལ།
ཡང་བསྒྲགས་གླིང་ལས། “ འ་ཞ་དང་བོད་ཀྱི་བར་ནི། བྱེ་མ་སྤྱང་འདུར་རོང་གིས་བཅད། ” ཅེས་པའི་བྱེ་མ་སྤྱང་འདུར་རོང་ནི་མཚོ་སྔོན་གཏེར་ལེན་ཁའི་རྒྱུད་ནས་ན་གོར་མོའི་བར་གྱི་བྱེ་མའི་རོང་རྒྱུད་ཅིག་ལ་གོ་བ་ཨེ་ཡིན་སྙམ་སྟེ་བརྟག་དགོས།
གོང་ཞུས་ལྟར་གེ་སར་དང་ཕྲོམ་ཟེར་བ་དེ་ཚོ་འཆད་སྐབས་གོང་སྨྲས་ཀྱི་ཡུལ་ཁམས་དེ་ཚོ་ཞར་ཞོར་ལ་ཡོང་གིན་ཡོད་པ་ནི་རྩ་བའི་གནའ་སྔ་མོ་ཡུལ་ཁམས་དེ་ཚོ་ཕན་ཚུན་ས་འབྲེལ་ལམ་ཡང་ན་གཅིག་གིས་གཅིག་དབང་བསྒྱུར་བྱས་པའི་རྐྱེན་གྱིས་རེད་དྲན། གང་ལྟར་བོད་ཀྱི་ཡུལ་དབུས་ལ་བཟུང་སྟེ། ཕྲོམ་དང་གེ་སར་ནི་བྱང་གི་ཕྱོགས་སུ་ཡོད་པར་བཤད་པ་ནི། སྐྱབས་སྟོན་ཁྲོ་འགྲེལ་ལས། “ ཤར་གྱི་མཐའ་ན་སོག་པོ་མི་ལ་སྤྲེའུ་སླག་པ་ཅན་ལ་གཡོ་སྒྱུ་ཐན་ཡོད། ལྷོ་ཡི་མཐའ་ན་འཇང་མོ་མིག་དགུ་ཟེར་བ་མིག་གི་ཐན་ཡོད་པ། བྱང་གི་མཐའ་ན་ཧོར་གེ་སར་དམག་གི་ཡུལ་བྱ་བ་དགྲ་ཡི་ཐན་ཡོད་པ། ནུབ་ཀྱི་མཐའ་ན་རྩ་མི་ཤིང་མི་བྱ་བ་རྫུ་འཕྲུལ་གྱི་ཐན་ཡོད་པ་བཅས་སོ། །” ཞེས་བོད་འདིར་གནོད་པའི་ཐན་ནམ་དགྲ་བཞི་ཡོད་པའི་གཅིག་ནི་གེ་སར་དམག་གི་དགྲ་དེར་ངོས་བཟུང་ཡོད།
གོང་དུ་མཛོད་སྒྲ་འགྲེལ་ནས་གསུངས་པའི་ “ དེའི་ལྷོ་ན་ཕྲོམ་དང་ཧོར་དུ་འབྱེད་པའི་རི་བྱང་རྩུག་རི་ཞེས་བྱ་བ་ལ། རྩི་ཤིང་དང་ནགས་ཚལ་གཅན་གཟན་དང་འདབ་ཆགས་གནས་སོ། །དེའི་ལྷོ་ན་གྲུ་གུ་ཚ་གསེར་དུ་འབྱེད་པ། བ་དག་ཤན་གྱི་རི་རྒྱུད་གནས་སོ། ། ” ཞེས་པ་ནི། བསྒྲགས་གླིང་དུ། “ ནུབ་སྟག་གཟིག་དང་དབུས་གངས་ཀྱི་ར་བའི་བར་ནི། བ་དག་ཤ་དུང་གི་སྒོ་མོ་འདྲ་བས་བཅད། ” ཅེས་པ་དེ་ཡིན་པ་དང་། འདིར་བཤད་བ་དག་ཤན་ནམ་དག་ཤ་དུང་གི་སྒ་མོ་འདྲ་བ་ནི། གོང་ཞུས་བོད་ནུབ་ཕྱོགས་སུ་གནས་པའི་རྒྱབ་ཁབ་ཨུཛ་བྷེག་སི་ཐན་(Uzbekistan ) དང་། ཀིར་གྷི་སི་ཐན་(Kyrgyzstan) སོགས་ཀྱི་ས་འབྲེལ་དུ་ཆགས་པའི་གངས་ཀྱི་རི་རྒྱུད་ཆེན་མོ་རི་བོ་དཱན་ཤན་(Tian Shan) ཞེས་ཤར་གླིང་དཀྱིལ་མའི་དབུས་སུ་ཅུང་སྐད་གྲགས་ཡོད་པ་དེ་ཡིན་པར་འདོད།
ཡང་གཅིག་གླེང་ན་མཛོད་སྒྲ་འགྲེལ་ནས་གསུངས་པའི་ “ དེའི་ལྷོ་ན་ཕྲོམ་དང་གེ་སར་དུ་འབྱེད་པའི་རི། དན་ཤན་གྱི་རི་རྒྱུད་གནས་ཏེ། ” ཞེས་པའི་དན་ཤན་གྱི་རི་རྒྱུད་ནི་བཤད་མ་ཐག་པའི་རི་བོ་དཱན་ཤན་(Tian Shan) འདི་རང་དུ་ངོས་བཟུང་ཚེ་ད་གཟོད་ཕྲོམ་དང་གེ་སར་གྱི་ས་མཚམས་དང་ཡུལ་གྲུ་ཡང་ཅུང་གསལ་ཁ་ཆེ་ཙམ་འགྲོ་བཞིན་འདུག་དྲན།
གང་ལྟར་དྲུ་གུ་དང་སྟག་གཟིག་ཟེར་བ་དེ་ཚོ་བོད་ཀྱི་ཕྱོགས་གང་ལ་ཁེལ་འདུག་ཤེས་ཚེ། ལོ་རྒྱུས་རྣམས་སུ་དེ་དག་གི་བྱང་ཕྱོགས་ས་འབྲེལ་ནི་རིམ་པར་གེ་སར་དང་ཕྲོམ་སོགས་ཡོད་པར་གསུངས་འདུག་པས། དེས་ན་ཕྲོམ་དང་གེ་སར་གྱི་ཡུལ་སྤྱི་ནི་ད་ལྟའི་ས་བབ་དང་སྦྱར་ན། སྨད་མཚོ་སྔོན་པོའི་བྱང་རྒྱུད་ནས་ཤར་ཏུརྐི་སི་ཐན་(ཤིན་ཅང་)(East Turkistan) གྱི་སྟག་ལ་མ་ཀན་བྱེ་མའི་རི་རྒྱུད་ཁུལ་དང་། བོད་ཀྱི་བྱང་ངོས་ཀུན་ལུང་རི་བོ་ནས་བྱང་སྟོད་བོད་ཀྱི་ས་འབྲེལ་པཱ་ཀི་སི་ཐན་ཕྱོགས་ཀྱི་ཡུལ་དང་འདབ་འབྲེལ་བའི་ཡུལ་ཁམས་ཞིག་ལ་ངོས་བཟུང་སྟེ། དེ་ལྟ་བུའི་ས་ཁུལ་དེའི་སྟོད་ཕྱོགས་ཀུན་ལུང་རི་བོ་དང་འབྲེལ་བའི་སྟོད་རྒྱུད་ལ་གེ་སར་དང་། སྨད་ཕྱོགས་ཤིན་ཅང་ཡུལ་དང་འབྲེལ་བའི་བོད་ཀྱི་བྱང་རྒྱུད་རྣམས་ལ་ཕྲོམ་ཟེར་བ་མིན་ནས་སྙམ་སྟེ།
བསྒྲགས་གླིང་ལས། “ བྱང་གེ་སར་དང་དབུས་གངས་ཀྱི་ར་བའི་བར་ན། བྱེ་མ་སྒང་རིང་ཉའི་སྒལ་བ་འདྲ་བས་བཅད། ” ཅེས་གསུངས་པའི་བྱེ་མ་སྒང་རིང་ནི་དེང་སྟག་ལ་མ་ཀན་བྱེ་མའི་རི་རྒྱུད་(Taklamakan Desert / 塔克拉玛干沙漠) ཅེས་ཤར་ཏུརྐི་སི་ཐན་གྱི་ལྷོ་ཕྱོགས་བོད་ཀྱི་བྱང་ངོས་ཀུན་ལུང་རི་བོ་( Kunlun Mountains /昆仑山 )དང་འདབ་འབྲེལ། བྱང་ཕྱོགས་ཀིར་གྷི་སི་ཐན་(Kyrgyzstan)གྱི་རི་བོ་དཱ་ཤན་(Tia Shan Mountain)དང་འདབ་འབྲེལ། ནུབ་ཕྱོགས་ཏ་ཇིག་སི་ཐན་(Tajikistan)གྱི་རི་བོ་དཔའ་མིར་(Pamir Mountain) དང་འདབ་འབྲེལ་བའི་བྱེ་མའི་མྱ་ངམ་གྱི་རི་རྒྱུད་རིང་པོ་དེ་ཡིན་པར་འདོད།
ཡང་དེ་བཞིན་ “ གེ་སར་དང་ཧོར་དང་བོད་ཀྱི་བར་ནི། ཁྲི་གཤོག་མཚོ་དང་བྲག་ཆུ་སྨན་འཕྲང་རིང་པོས་བཅད།” ཅེས། གེ་སར་ཟེར་བ་ནི་ཕྲོམ་དང་གེ་སར་གཅིག་ཏུ་བཤད་པའི་དབང་དུ་སོང་བ་ཡིན་པར་སྙམ་སྟེ། བོད་ཀྱི་སྨད་ཕྱོགས་ཁྲི་གཤོག་མཚོ་སྟེ་མདོ་སྨད་མཚོ་སྔོན་པོའི་ཕྱོགས་སུ་འདབ་འབྲེལ་ཡོད་པའི་གེ་སར་ཟེར་བ་ནི་ཕྲོམ་རང་ལ་གོ་དགོས་པར་གོང་སྨྲས་ས་བབ་སོགས་ལ་དཔྱད་ན་ཤེས་ནུས་པ་དང་། དེ་དང་མཚུངས་པར་ཨ་ལགས་བོན་རྒྱ་ཚང་གི་རིས་མེད་བསྟན་བརྩིས་ལས་ཀྱང་། “ དེ་ལས་ཀྱང་ཕྲོམ་མཁས་པ་གསེར་ཐོག་ལྕེ་འབྱམས་ཀྱིས་མཚོ་སྔོན་ཕྱོགས་སུ་བོན་བསྟན་དར་བར་མཛད་ནས་བོན་གྱི་འདུས་སྡེ་དང་སྒྲུབ་སྡེ་མང་དུ་བྱུང་བ་ནི། ད་ལྟ་ཕྱོགས་སོ་སོ་ན་དགོན་ཤུལ་དང་དངོས་རྫས་མཐོང་རྒྱུ་མང་བས་ཤེས་སོ། ། ” ཞེས་གསུངས་ཡོད།
ཡང་བསྒྲགས་པ་རིན་ཆེན་གླིང་གྲགས་ལས། “ རྒྱ་ནག་དང་གེ་སར་གྱི་བར་ནི། ཀློང་ཐང་བྱེ་མ་རལ་དྲུག་གིས་བཅད། ” ཅེས་གསུངས་པའི་ཀློང་ཐང་བྱེ་མ་རལ་དྲུག་ནི། དེང་རྒྱ་ནག་གིས་ནང་སོག་རང་སྐྱོང་ལྗོངས་(内蒙古自治区) ཞེས་འབོད་ཀྱིན་པའི་ནང་སོག་དང་རྒྱ་ནག་གི་ས་འབྲེལ་བར་ལ་ཡོད་པའི་བཱ་ཏིན་བྱེ་ཐང་དང་། (Badain Jaran Desert 巴丹吉林沙漠 ) དང་། ཨོར་རྡོ་བྱེ་ཐང་། (Ordos Desert 鄂尔多斯沙漠 ) སྟེང་མཁར་བྱེ་ཐང་ (Tengger Desert 腾格里沙漠) ཟེར་བའི་མྱ་ངམ་གྱི་བྱེ་ཐང་མང་པོ་ཞིག་ཤར་ཏུརྐིའི་ཕྱོགས་སུ་འདབ་འབྲེལ་ཡོད་པ་དེ་དག་གང་རུང་ཞིག་ལ་ངོས་འཛིན་ཆོག་སྟེ། གོང་ཞུས་གེ་སར་གྱི་ཡུལ་སྨད་ས་ཕྱོགས་གང་ཐད་ཙམ་ལ་ཁེལ་ཡོད་པར་ཚོད་དཔག་བྱས་རྗེས་རྒྱ་ནག་དང་གེ་སར་གྱི་བར་འབྱེད་པའི་བྱེ་ཐང་ནི་གོང་ཞུས་དེ་ཚོ་ལས་འགྲོ་ས་གཞན་མི་འདུག་སྙམ།
ཡང་ལྷོ་འཛམ་གླིང་གི་ཆགས་ཚུལ་བཀོད་པ་ལེགས་བཤད་སྣང་བའི་འོད་ཟེར་ལས། “ བེ་རི་ཡའི་(སིབྷ་རི་ཡ) ཁོངས། ཕྲོམ། གྲུ་གུ། ཡུ་གུར། ཧོར། སོག ༧ ཏ་ཟིག་རུ་སོ་དང་། བྲུ་ཤ་པར་ཤི་ཡ་ལ་འདུས། ཡང་ཧོར་སོག་གཉིས་ཙི་ནའི་ཁོང་དུ་བརྩི་བའང་ཡོད།” ཅེས། སིབྷ་རི་ཡ་(Siberia) ནི་སྔོན་བྱང་གླིང་ཨེ་ཤ་ཡའི་མངའ་ཁུལ་ཆེ་གྲས་ཏེ་ཨུ་རུ་སུ་དང་། སོག་པོ། ཀཱ་ཛག་སི་ཐན། (Kazakhstan) སོགས་ཀྱི་ཡུལ་སྤྱི་ལ་འཇུག་ཀྱང་། ད་ལྟའི་ཆར་ཕལ་ཆེར་ཨུ་རུ་སུ་དང་ཀཱ་ཛག་གི་བདག་དབང་དུ་ཚུད་ཡོད། གང་ལྟར་འདིར་ཕྲོམ་དང་དྲུ་གུ། ཧོར་སོག་དེ་ཚོ་སིབྷ་རི་ཡའི་ཁོངས་སུ་གཏོགས་ཚུལ་གསུངས་པ་འདིས་གོང་ཞུས་ཕྲོམ་དང་གེ་སར། དྲུ་གུ་སོགས་ཀྱི་ཡུལ་སྤྱིར་བཏང་བཤད་པ་དེར་རྒྱབ་བརྟེན་དུ་སོང་འདུག་པས་སྤྲོ་བར་བརྟས།
ཡང་མཁས་དབང་ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས་པའི་བོད་ཀྱི་གསོ་རིག་དང་ཡུལ་གཞན་གྱི་གསོ་རིག་བར་གྱི་འབྲེལ་བའི་སྐོར། ཞེས་པ་ལས། “ འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱིས། ཁྲོམ་ནི་བོད་ཀྱི་བྱང་ཕྱོགས་སོག་པོའི་ཡུལ་ཏེ་སྨན་དཔྱད་ཀྱང་རྒྱ་ནས་བྱུང་བས་རྒྱ་ནག་པའི་ལུགས་སུ་གཏོགས་པའི་ཕྱིར་རོ། ཞེས་གསུངས་པ་འདི་ནི་དེང་དུས་ཞིན་ཅང་གི་ཁོངས་སུ་ཡོད་པའི་རའོ་ཆོམ་ (若羌) ཞེས་པའི་གྲོང་འདི་ཡིན་ཞིང་གནའ་བོའི་དུས་སུ་ཡུལ་འདིར་བོད་ཀྱི་རིག་གནས་དང་འབྲེལ་བའི་རྗེས་ཤུལ་མང་པོ་ད་ལྟང་འང་ཡོད་པ་བཤད། ། ” ཅེས་གསུངས་པའི་རའོ་ཆོམ་ (Ruoqiang (Qarkilik) 若羌) གྱི་ས་ཁུལ་ནི་ཤིང་ཅང་ངམ་ཤར་ཏུརྐི་སི་ཏན་དང་། ནང་སོག བོད་ཡུལ་མཚོ་སྔོན་པོའི་ཕྱོགས་ཀྱི་ས་མཚམས་དང་འབྲེལ་ཡོད་སྟབས། དེའི་ཕྱོགས་ནི་སྔར་ཕྲོམ་གྱི་ཡུལ་སྤྱི་ལ་ངོས་བཟུང་ན་ཏག་ཏག་གནས་པར་འདོད།
ཡང་སྐྱབས་སྟོན་ཁྲོ་འགྲེལ་ལས། “ སྒྲ་འགྲེལ་ལས། བྱང་ལི་ཝི་སྒང་རིང་ཁ་བ་དཀར་པོའི་རི་རྒྱུད་དང་། ལྷོ་དོམ་སྒྲོ་ནག་པོ་སྙུག་མས་བུ་ཁུར་གྱི་ཡུལ་ཟེར་བ། མོན་དང་ཕྲོམ་ཡུལ་དང་བོད་ཀྱི་རུ་མཚམས་ཡིན་ལ། ” ཞེས་པ་ཞིག་གསུངས་འདུག་ཀྱང་། ཕྲོམ་ཡུལ་དང་བོད་ཀྱི་རུ་མཚམས་ཡིན་པ་དེ་བྱང་ལི་ཝི་སྒང་རིང་ཁ་བ་དཀར་པོ་དང་། ལྷོ་དོམ་སྒྲོ་ནག་པོ་སྨྱུག་མས་བུ་ཁུར་ཟེར་བ་དེ་ཚོ་གང་ཞིག་ཡིན་གསལ་ཁ་དེ་ཙམ་མི་འདུག་པས་གླེང་ཐབས་བྲལ།
སྤྱིར་བཏང་བོན་གྱི་ལོ་རྒྱུས་ཁག་ཏུ་ས་མིང་འདི་དག་གླེང་སྐབས། དཔེར་ན། དར་རྒྱས་གསལ་སྒྲོན་ལས། “ དབང་ཆེན་ལས། མཐོ་ཁྱུང་ལུང་དངུལ་མཁར་ཞང་ཞུང་ཁ་ཡུག་གི་རུ་ནས། སྨད་ཤེལ་ལེ་རྒྱ་གར་སུམ་པ་གླང་གི་གྱིམ་ཤོད་ཡན་ཆད་ཅེས་དང་། འགྲེལ་བཞི་ལས། ལྷོ་དོམ་སྒྲོ་ནག་པོ་སྨྱུག་མ་བུ་ཁུར་ཕན་ཆད་ནས། བྱང་ལི་ཕྱི་གངས་རིང་ཚུན་ཆད་དུ། ཞེས་པས། བོད་རུ་བཞིའི་ཁྲིམས་ཀྱི་མངའ་འོག་ཏུ་ནགས་ལ་མེ་མཆེད་པ་འདྲ་བ་འདི་དར་རོ། །” ཞེས་པ་ལྟ་བུ་ནི། བོད་ཡུལ་རུ་བཞི་དེ་དབུས་སུ་བཞག་སྟེ་དེའི་ཕྱོགས་བཞིར་བོན་བསྟན་ཇི་ལྟར་དར་ཚུལ་གྱི་གླེང་སྟངས་ཤིག་རེད།
ཡང་མཁས་པ་དཔལ་ཆེན་པོའི་མངོན་རྟོགས་རྒྱན་ལས། “ སྙིགས་མའི་དུས་སུ་བྱང་ཕྱོགས་གེ་སར་ཁྲོམ་གྱི་མཐའ་རས་སུ་སྐྱེས་པ། གཤེན་གྱི་དྲང་སྲོང་ཚུལ་ཁྲིམས་དཔལ་ཆེན་ཞེས་བྱ་བས་སྦྱར།” ཞེས། དམིགས་བསལ་ཁོང་གིས་ “ བྱང་ཕྱོགས་གེ་སར་ཁྲོམ་གྱི་མཐའ་ ” ཞེས་གསུངས་པར་དགོས་པ་རྒྱུ་མཚན་ཆེན་པོ་ཞིག་ཡོད་དམ་སྙམ་ཡང་། དཔྱད་གཞི་གཞན་མ་རྙེད་སྟབས་གནས་སྐབས་དེ་མུར་ལུས། འགའ་ཞིག་གིས་ཁོང་གི་འཁྲུངས་ཡུལ་དང་འབྲེལ་བ་མེད་དམ་སྙམ་སྲིད་ཀྱང་། མཁས་པ་དཔལ་ཆེན་སྐུ་འཁྲུངས་ཡུལ་ནི་གཡས་རུ་ཤངས་ཀྱི་གུར་ཞོག་ཟེར་བ་དེར་འཁྲུངས་པར་རྣམ་ཐར་ལས་གསལ།
དེ་མིན་བོད་གྱི་མཐའ་སྐོར་ན་གནས་པའི་གནའ་སྔ་མོའི་རྒྱལ་ཁམས་དེ་དག་ལ་སྐབས་ཤིག་ལ་རིག་པའི་གནས་ལྔ་སྤྱི་དང་། སྒོས་སུ་ཡུལ་ཁམས་སོ་སོར་དམིགས་བསལ་ཤེས་རིག་གི་ཁྱད་ཡོན་ལྡན་པ་འདི་དག་ཡོད་པ་ནི། དར་རྒྱས་གསལ་སྒྲོན་ལས། “ དུས་དེ་ཙམ་ན་རྒྱ་གར་ན་ཆོས་ཡོད། རྒྱ་ནག་ན་གཙུག་ལག་ཡོད། ཁྲོམ་ན་སྨན་དཔྱད་ཡོད། བོད་དང་ཞང་ཞུང་ན་བོན་མིན་པ་མེད། ” ཅེས་དང་།
བསྒྲགས་པ་རིན་ཆེན་གླིང་གྲགས་ལས། “ རྒྱ་ནག་ན་ཤེས་རབ་གླིང་ཡོད་པས། གཉེན་པོའི་སྟོབས་ཀྱིས་བསམ་གཏན་སྐྱེ། གེ་སར་ན་ཐང་ལ་ཁ་ཞག་ཡོད་པས། རོལ་བར་སྤྱོད་པའི་བསམ་གཏན་སྐྱེ། སྟག་གཟིག་ན་རི་གཡུང་དྲུང་ཁྱིལ་གཙུག་ཡོད་པས། གཡུང་དྲུང་ལྟ་བུའི་བསམ་གཏན་སྐྱེ། རྒྱ་གར་ན་རྡོ་རྗེ་གདན་ཡོད་པས། རྡོ་རྗེ་ལྟ་བུའི་བསམ་གཏན་སྐྱེ། བོད་ན་བྲག་བྱ་སྐྱིབས་ཅན་ཡོད་པས། ཉི་ཟླ་ལྟ་བུའི་བསམ་གཏན་སྐྱེ། ” ཞེས་དང་།
སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། “ བྱང་ཕྱོགས་ཕྲོམ་གེ་སར་གྱི་ཡུལ་ན་བོན་གྱི་རྒྱལ་བོ་ཕྲོམ་བོན་མཐུ་ཆེན་བྱ་བ་ཡོད། བོན་གྱི་བློན་པོ་ཨེ་ཝེར་དང་ཏིང་ཝེར་རོ། །ལྷ་རུ་ཇལ་མ་སུམ་བརྒྱ་དྲུག་བཅུ་བདར། ཕྲོམ་གེ་སར་དམག་གི་རྒྱལ་བོའི་སྐུ་འཚོ་བ་དང༌། བསེ་གདུང་དམར་པོ་དང༌། རྔ་གཤང་འཕྲུག་གཅིག་ལ་སྐུ་བརྟེན། ལེབ་རྒན་འདོམ་དགུ་ལག་ན་ཐོགས། ལྷ་ནི་རྔ་མོང་དང་རས་གསོལ་ལོ། །བོན་སྒོ་གཏོའ་ཐབས་སྟོན་པ་ནི། གོ་མཚོན་དང་ཡ་ལད་ཀྱི་ཡོན་ཏན་བརྩི་བར་བསྟན། མཐུ་ནི་མདའ་རྩེ་ལ་སྤྱི་འགྲེང་བྱེད། མདུང་རྩེ་ལ་ལྕོ་ཡང་དྲུད། རལ་གྲི་ལ་ལྟོ་འགྲོས་བྱེད། དར་སྐུད་རྟ་རྔ་ཙམ་ལ་སྤྱང་མོ་ཉུགས། དེ་ལྟར་བོན་གྱི་བསྟན་པ་བསྲུངས་སོ། ། ” ཞེས་དང་།
རྩ་རྒྱུད་ཉི་ཟེར་སྒྲོན་མ་ལས། “ དེ་ནས་ཐོ་གར་ཡུལ་དུ་བྱོན། ཡུལ་དེར་ཤེལ་གྱི་མཆོད་རྟེན་དང་། ལྷ་མོའི་སྐུ་ཁྲུ་གང་བ་ཞིག་རྡོ་ལ་བཞེངས་ནས་བཞག སྐུ་གདུང་སྐུ་གཟུགས་གསུང་རབ་བཞེངས་པའི་ལུང་ཕོག ཐོ་ཀར་གྱི་སྔགས་པ་ཨ་རྒོད་དང་། ཛ་ལ་འབར་དང་། རྔམ་པ་འོད་འབར་གསུམ་ལ། རྟེན་གསུམ་བཞེངས་པ། དེའི་རབ་གནས་ཕན་ཡོན། བྲིས་ཀློག་འདོན་གསུམ་གྱི་ལུང་བསྟན། དེ་གསུམ་གྱིས་རྟེན་གསུམ་ལ་མཆོད་པ་ཕུལ་བས། བྱིན་རླབས་དང་ལྡན་ཏེ་བསྟན་པ་བཙུགས། ད་ལྟ་ཐོ་ཀར་ཡུལ་དུ་སྐུ་གདུང་སྐུ་གཟུགས་ལ་རྩིགས་སུ་ཆེ་བས། བྲིས་ཀློག་གི་བསྟན་པ་དར་བ། བླུག་སྐུ་དང་རྡོ་སྐུ་ཡང་རང་འབྱུང་དེ་ནས་བྱུང་བ་ལགས།
དེ་ནས་སྟོན་པ་ལི་ཡུལ་ལྗང་ར་སྨུག་པོར་བྱོན། ལི་ཡུལ་གྱི་མི་རྣམས་ཚོགས་པའི་ནང་ནས། ལི་བོན་ཨུ་དཔལ་དང་། ལི་བོན་ལྷ་བྷར་དང་། ལི་བོན་སྤུང་རྒྱུང་གསུམ་ལ། རྒྱས་པ་འབུམ་གྱི་བོན། མཆོད་སྦྱིན་གྱི་བོན་བསྟན་སྟེ། བོན་པོ་དེ་གསུམ་གྱིས་ལོ་གསུམ་བསྒྲུབས། ལོངས་སྤྱོད་སྣ་ཚོགས་སྤྱོད་ཅིང་གྲུབ་པ་ཐོབ། ལི་ཡུལ་དུ་བོན་པོ་དེ་གསུམ་ལ་བསྟན་པ་བཞག ལི་ཡུལ་སྐད་ཀྱང་བོན་ལ་བསྒྱུར།” ཞེས་དང་།
སྐབས་འདིར་ཞོར་འཕྲོས་ལི་ཡུལ་ལམ་ལྗང་ར་སྨུག་པོ་ནི། དེང་པཱ་ཀི་སི་ཐན་(Pakistan)ཡུལ་གྱི་སྐར་རྡོ་(Skardu སྦལ་ཏིའི་སྐད་དུ། སྐརདུ།)ཞེས་པའི་ཡུལ་གྲོང་ཕྱོགས་སུ་ཡིན་པ་དང་། ད་ལྟའི་ཆར་ཡང་ཡུལ་མིས་ཁོ་རང་ཚོ་ལྕང་ར་བ་ཡིན་པ་དང་བོད་སྐད་སློབ་བཤད་དང་། གནའ་བོའི་རིག་གནས་སླར་གསོ་བྱེད་བཞིན་ཡོད་པ་སོགས་ཀྱི་སྐོར་གུས་པས་དེ་སྔོན་ལི་ཡུལ་སྐོར་གྱི་རྩོམ་ཡིག་རྣམས་སུ་རྒྱས་པོར་བྲིས་ཟིན་པས་འདིར་དེ་ཙམ་གླེང་རྒྱུ་མིན།
དེ་བཞིན་བོན་གྱི་ལོ་རྒྱུས་རྣམས་སུ་གེ་སར་རྔམ་པ་ལྕེ་རིང་། ཕྲོམ་ལ་གསེར་ཐོག་ལྕེ་འབྱམས་ཟེར་བ་སོགས་ཀྱི་མཁས་པ་མང་པོ་བྱོན་པ་དང་། དེ་དག་གིས་བསྟན་པའི་མཛད་པ་རྒྱ་ཆེར་བསྐྱངས་བའི་ལོ་རྒྱུས་ཟུར་ཙམ་རེ་ཡང་ཐོན་ཡོད།
དེ་མིན་རྒྱུད་ཉི་སྒྲོན་ལས། “ སྟག་གཟིག་གསེར་ཐོག་ལྕེ་འབྱམས་ལ་བསྟན་པ་བཞག སྟག་གཟིག་སྐད་ཀྱང་བོན་ལ་བསྒྱུར། ” ཞེས་པ་དང་།
རྫོགས་ཆེན་བསྒྲགས་པ་སྐོར་གསུམ་ལས་འོག་ཀླུ་ཡུལ་དུ་བསྒྲགས་པའི་ལོ་རྒྱུས་ལས། “ བོད་ཡུལ་དབུས་ན་ལུང་རིག་དོན་ལ་མཁས། །གསེར་ཐོག་ལྕེ་འབྱམས་མཁས་པའི་གདམས་ངག་ཐོབ། །བཀའ་རྟགས་ཚིགས་སུ་བཅད་དེ་བྲིས་ནས་བཞག གདམས་ངག་ཀུན་གྱིས་ཁྱད་པར་ཡང་སྙིང་དོན། །བཀའ་རྟགས་ཚད་མ་གསུམ་གྱིས་གཏན་ལ་ཕབ། །སངས་རྒྱས་དངོས་པོའི་གནས་ལུགས་འདི་ཀ་ཡིན། ” །ཞེས་སོགས་ཀྱང་བྱུང་བས་བརྟག་དགོས།
སྤྱིར་བཏང་ཡ་ཐོག་སྟོན་པ་དང་གཤེན་པོ་དེ་དག་གི་མཛད་པ་བསྐྱངས་སྐབས། ཡུལ་ལུང་ག་གེ་མོ་ཞིག་ལ་ཕེབས་ཏེ་དེར་གནས་ཀྱི་མི་ག་གེ་མོ་ཞིག་ལ་བསྟན་པ་བཞག ཅེས་པ་དེ་ཚོ་མང་པོ་ཞིག་ལ་ད་ལྟའི་བླ་མ་སྤྲུལ་སྐུ་ཚོའི་མཛད་རྣམ་ལ་དཔགས་ཏེ་བསམ་གཞིག་བྱ་ཚེ། དེ་སྔོན་ཆོས་ལུགས་དེའི་བླ་སྤྲུལ་གང་ཡང་ཕེབས་མ་མྱོང་བའི་ཡུལ་ལུང་ཞིག་ལ་ཆོས་ལུགས་དེའི་བླ་མ་ཞིག་ཕེབས་ཏེ་དེར་གནས་ཀྱི་སྦྱིན་བདག་ཅིག་དང་འབྲེལ་བ་བྱུང་། དེར་བླ་མ་དེས་རང་གི་ཆོས་ལུགས་ཀྱི་བྱེད་སྒོ་གང་འགབ་ཅིག་སྤེལ། ཕྱིས་སུ་ཡུལ་དེར་བསྟན་པ་དར་མིན་ལ་མ་ལྟོས་པར་ཡང་ནས་ཡང་དུ་སྦྱིན་བདག་དེར་འབྲེལ་བ་འཇོག་པ་ལྟ་བུ་ཞིག་ཡིན་སྲིད་པའང་རེད་དྲན།
གང་ལྟར་ཡུལ་ཕྱོགས་དེ་དག་ལ་གནའ་སྔོན་སངས་རྒྱས་ཀྱི་བསྟན་པ་ཇི་ལྟར་དར་མིན་དང་། བསྟན་འཛིན་གྱི་གཤེན་པོ་གང་ཞིག་བྱོན་མིན་རྣམས་ནི། ཐོག་མར་ཡུལ་ཕྱོགས་གང་ཞིག་ཡིན་པར་གཏན་ཁེལ་ཐུབ་རྗེས་དེ་ནས་རིམ་པར་དཔྱད་ཞིབ་བྱ་རྒྱུ་ལས་མེད་སྟབས་རེ་ཞིག་གླེང་ཐབས་བྲལ། གོང་དུ་རོབ་ཙམ་གླེང་བའི་ས་གནས་དེ་དག་ནི་ད་ལྟའི་ཆར་ཁ་ཆེའི་རྒྱལ་ཁབ་ཤ་སྟག་ཡིན་རྩང་ཡུལ་ལུང་དེ་དག་ནང་ཉམས་ཞིབ་གནང་འདོད་ཡོད་མཁན་ཚོས་སྒོ་གང་ནས་གཟབ་ནན་བྱ་དགོས་པ་ལས་གང་བྱུང་དུ་བསྐྱོད་ན་རང་སྲོག་འཆོར་བའི་ཉེས་ཁ་འབྱུང་སྲིད།
ཞེས་གེ་སར་དང་ཕྲོམ་ལས་འཕྲོས་པའི་དཔྱད་གླེང་འདི་ཉིད་གནའ་རབས་ཞང་བོད་ཀྱི་ལོ་རྒྱུས་ཡིག་ཆ་འགའ་དང་། དེང་རབས་ཡུལ་དེ་དག་གི་ས་ཁམས་རིག་པ་བ་ཚོས་བྲིས་པའི་རྩོམ་ཡིག་དང་ས་ཁྲ་ཁག་ལ་གཞི་བཅོལ་ཏེ་དགེ་ཧི་མ་ལ་ཡའི་རྒྱལ་སྲས་སུ་འབོད་པས་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡ ཉིན་ནུབ་ཕྱོགས་འཇར་མན་ཡུལ་གྱི་ཆུ་བོ་དྷོ་ནཱའོ་གཙང་པོའི་འགྲམ་དུ་གཟའ་མཇུག་གུང་གསེང་ཉིན་བྲིས།། །།