ནེའུ་ལེ། སྦྲུལ་འགོག་གསེར་ལེན་གྱི་ཐབས་ཇུས།
ནེའུ་ལེ།
_སྦྲུལ་འགོག་གསེར་ལེན་གྱི་ཐབས་ཇུས།
དགེ་གཤེན་ཚེ་ཚང་།
ནེའུ་ལེ་དང་སྦྲུལ་གྱི་འགའ་འདུ།
རང་ཉིད་སྔོན་མ་གདན་ས་ན་ཡོད་དུས་ཡུལ་མིས་ནེའུ་ལེ་བཀོལ་ནས་སྦྲུལ་འདུལ་བའི་བྱེད་ཐབས་ཐེངས་མང་མཐོང་མྱོང་ལ། དེར་འབྲེལ་ནེའུ་ལེ་དང་སྦྲུལ་གཉིས་ཡང་སྙིང་ཅིས་ཕྱིར་ཕན་ཚུན་དགྲ་རུ་མཐོང་བ་ཡིན་ནམ་སྙམ་པའི་དོགས་པའང་ཟ་མྱོང་། རྗེས་སུ་དེར་འབྲེལ་གྱི་རྩོམ་ཡིག་འགའ་ཡང་བཀླགས་པས་སྤྱིར་བཏང་རང་བྱུང་ཁམས་དང་དུད་འགྲོ་རིག་པ་བ་དེ་ཚོའི་བཤད་སྟངས་བྱས་ན་ནེའུ་ལེ་དང་སྦྲུལ་ནི་སོ་སོའི་འཚོ་གནས་ཆེད་དུ་གཅིག་གིས་གཅིག་གསོད་པའི་ཚོར་བའི་འདུ་ཤེས་འདྲ་མཉམ་ཡིན་པར་བཤད། སྐད་ཆ་འདི་གོ་བདེར་བྱས་ན་ནེའུ་ལེའི་མིག་ནང་དུ་སྦྲུལ་ནི་རང་ཉིད་ལ་གནོད་པ་བྱ་ཐུབ་མཁན་དང་ཁ་ཟས་གཉིས་ཀ་ཡིན་ལ། སྦྲུལ་གྱི་མིག་ནང་དུའང་ནེའུ་ལེ་དེ་བཞིན་ཡིན་པ་ལྟར་རོ། །ཡིན་ནའང་སྦྲུལ་དང་ནེའུ་ལེ་འཐབ་སྐབས་བརྒྱ་ཆ་ 80% ནེའུ་ལེ་རྒྱལ་གྱིན་ཡོད། རྒྱུ་མཚན་ནི། ནེའུ་ལེ་ལ་ Acetylcholine ཟེར་བའི་ཕྲ་ཕུང་རིགས་རྫས་ཞིག་ཡོད་སྟབས་དེས་རང་ཉིད་ཀྱི་དབང་རྩ་རྣམས་སྦྲུལ་དུག་གི་ནུས་པ་ལས་བརྒྱ་ཆ་ 80% ཙམ་སྲུང་སྐྱོབ་བྱེད་ཐུབ་པས་ཡིན།
ཡང་སྙིང་ནེའུ་ལེ་སུ་ཡིན་ནམ།
བོད་སྐད་དུ་བྲིས་པའི་ཐ་སྙད་ “ ནེའུ་ལེ་ “ ཞེས་པ་ནི་ལེགས་སྦྱར་གྱི་སྐད་དེ་ “ ནེའུ་ལཱ / nevala / नेवला “ ལས་ཟུར་ཆག་པ་ཡིན། དབྱིན་སྐད་དུ་མོན་གྷུས་ Mongoose ཞེས་འབོད། ནེའུ་ལེ་ལ་ད་ལྟའི་བར་རྙེད་ཟིན་པ་རིགས་མི་འདྲ་བ་ 34 ཙམ་ཡོད་འདུག་ལ། དེ་དག་གཙོ་བོ་ལྷོ་ཨ་ཧྥི་རི་ཀའི་ཡུལ་གྲུ་ཁག་ཏུ་འཚོ་སྡོད་བྱེད་ཀྱིན་ཡོད། བོད་ཡུལ་དུའང་རྒྱུན་མཐོང་སྲེ་མོང་དང་ཏེ་ལོ་ཟེར་བ་དེ་ཚོ་ཡང་ནེའུ་ལེའི་རིགས་སུ་གཏོགས་ཀྱིན་ཡོད་འདུག ནེའུ་ལེའི་གཟུགས་བོང་གི་ཐད་ལ་ས་ཁམས་དང་ཡུལ་གྱི་གནས་བབ་སོགས་ཀྱིས་མཐའ་གཅིག་ཏུ་མ་ངེས་ཀྱང་ཆ་སྙོམ་མགོ་ནས་རྔ་མ་བར་གྱི་རིང་ཚད་ 24-58 cm ཙམ་དང་། ལྗིད་ཚད་ལ་ 320 g-5 kg སྤྱི་རྒྱ་ཙམ་ཡོད་འདུག
ཆོས་ལུགས་དད་མོས་ཁྲོད་ཀྱི་ནེའུ་ལེ།
ཆོས་ལུགས་ཀྱི་དད་མོས་དང་འདུ་ཤེས་ནི་གཙོ་བོ་མི་རིགས་ཀྱི་འཚོ་གནས་དང་འབྲེལ་ནས་ཡོད་པས་ཇི་སྲིད་མི་ཡི་རིགས་ཀྱིས་དབང་བསྒྱུར་བའི་ཡུལ་ལུང་ཞིག་ཡོད་ན་དེར་བསྟུན་གྱི་དད་མོས་དང་ལྷ་སྒྲུང་སོགས་ཀྱིས་མ་འཆིང་པ་ཞིག་ཕལ་ཆེར་མེད། ནེའུ་ལེ་དང་སྦྲུལ་སོགས་དུད་འགྲོ་སེམས་ཅན་མང་དག་ཅིག་གི་བྱད་གཟུགས་ཆོས་ལུགས་ཀྱི་བྱེད་སྒོར་བཀོལ་སྤྱོད་བྱེད་བཞིན་ཡོད་པ་ནི་རང་རེ་བོད་ཙམ་མིན་པར་སྲོལ་རྒྱུན་རིག་གནས་ཀྱིས་འཚོས་པའི་རྒྱལ་ཁབ་ཕལ་ཆེར་ནང་ཡོད། ཡིན་ནའང་འདིར་ད་ལན་བོན་གྱི་དྲིས་ལན་ར་བར་ནེའུ་ལེ་ཞེས་པ་ཇི་འདྲ་ཞིག་ཡོད་པའི་སྐོར་གླེང་སློང་བྱུང་བ་དང་འབྲེལ་ཏེ། བོད་དང་དེའི་མཐའ་འཚམས་ཡུལ་གྲུ་ཁག་ཏུ་ནེའུ་ལེ་དང་ཆོས་ལུགས་བར་གྱི་འབྲེལ་བའི་སྐོར་ཅུང་ཞིག་གླེང་འདོད་བྱུང་།
གོང་ཞུས་རང་རེ་བོད་ཁ་བ་ཅན་གྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་བལ་ཁག་ནང་སེམས་ཅན་འདིར་ནེའུ་ལཱ་ཞེས་འབོད་ལ། རྒྱ་གར་རིག་བྱེད་ཀྱི་གཏམ་རྒྱུད་དང་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ལུགས་ཁག་ནང་ནེའུ་ལེའི་གཟུགས་རྒྱུ་ནོར་ལོངས་སྤྱོད་མཚོན་པའི་ཕྱིར་བཀོལ་སྤྱོད་བྱེད་བཞིན་ཡོད་པ་གཅིག་མཚུངས་ཡིན། ཡིན་ནའང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མི་འདྲ་བས་ཧིན་དྷིའི་རིག་བྱེད་གཏམ་རྒྱུད་སོགས་ནང་ནེའུ་ལེ་རྒྱུ་ནོར་འབྱུང་ཕྱིར་བཀོལ་བའི་རྒྱབ་ལྗོངས་སྦྲུལ་དང་འབྲེལ་ནས་ཡོད། ཧིན་དྷིའི་རིག་གཞུང་ནང་སྦྲུལ་ནི་ཀླུ་རྒྱལ་མཚོན་བྱེད་དམ་ཀླུ་ཡི་དཀོར་ནོར་སྲུང་བའི་བདག་པོ་ཡིན་པས་ནཱག་པན་ཅ་མི་ Naga Panchami ( ཀླུ་མཆོད་དུས་ཆེན། ) ཞེས་སྦྲུལ་ལ་འོ་མ་སྦྱིན་པ་དང་། སྒོ་ནོར་ཆེད་གཅེས་ཉར་བྱས་པའི་སྦྲུལ་སོགས་ཀྱི་མགོར་མཚོན་དང་དར་རས་ཀྱིས་བརྒྱན་པ་སོགས་ཀྱི་བྱེད་སྒོ་སྐྱོང་སྲོལ་ཡོད། དེའང་ཁོ་ཚོའི་ཆོས་ལུགས་ཀྱི་དད་མོས་ལྟར་ན་ཀླུ་མཆོད་དུས་ཆེན་ཉིན་སྦྲུལ་ (ཀླུ་) ལ་དད་མོས་རྩེ་གཅིག་བྱེད་ཐུབ་ན་ནཱག་མཱ་ཎི་ཞེས་སྦྲུལ་གྱི་མགོ་ནས་རིན་པོ་ཆེའི་རིགས་རྙེད་ཐུབ་པར་བཤད། མ་ཟད་སུ་ཞིག་གིས་སྦྲུལ་ལ་མཆོད་བཀུར་ཡང་དག་བྱ་ཐུབ་ན་དྷ་ནཱ་ལཀྴ་མི་ ( Dhanalakshmi ལྷ་མོ་ནོར་སྦྱིན་མ་) ཡིས་ནོར་གྱི་དངོས་འགྲུབ་སྦྱིན་པར་འདོད།
ལྷ་སྒྲུང་གཞན་ཞིག་ནི་ཀླུ་རིགས་ལ་ལོངས་སྤྱོད་ཚད་མེད་ཡོད་པ་ནི། རཱ་མ་ཎིའི་གཏན་རྒྱུད་ནང་གསལ་བའི་རཱ་ཝན་ནམ་ Ravan ནམ་རྒྱུན་ང་ཚོས་གོ་མྱོང་བའི་ལང་ཀ་མགྲིན་བཅུ་ཟེར་བ་དེ་དང་འབྲེལ་ནས་ཡོད། རྒྱ་གར་ཀྱིས་བཤད་ཚུལ་བྱས་ན་ལང་ཀ་མགྲིན་བཅུ་འདི་བོད་པས་བཤད་པའི་སྲིན་པོ་མི་ཤ་ཟ་མཁན་དེ་འདྲ་ཁྱོན་ནས་མིན་པར། ཁོ་ལ་གཞན་དང་མི་འདྲ་བའི་དཔལ་འབྱོར་མཁོ་སྒྲུབ་དང་དམག་དོན་རིག་སྟོབས་ཧ་ཅང་མཆོག་འགྱུར་ཡོད་སྟབས་འཇིག་རྟེན་འདིར་ལོངས་སྤྱོད་ཐད་སུ་ཞིག་གིས་ཀྱང་འགྲན་མི་ནུས་པར་བཤད། དེའང་རྒྱུ་ནོར་གཉེར་བའི་ཀླུ་རིགས་ནི་ཁོའི་མེས་པོ་ནས་ཆད་པ་ཡིན་པ་དང་ཀླུ་ཡི་རྒྱལ་པོ་དང་ཁོའི་གཅེན་པོ་ནི་ནོར་བདག་ཀུ་བེ་རཱ་སོགས་ཀྱིས་དུས་རྣམ་ཀུན་ཏུ་ནོར་ལོངས་སྤྱོད་སྲུང་བར་ཁས་བླངས་སྟབས་སྦྲུལ་དང་ཀླུ་ལ་མཆོད་ལ་ནོར་ལོངས་སྤྱོད་འབྱུང་རྒྱུ་ཡིན་པར་འདོད།
འོ་ན་དེ་ལྟར་སྦྲུལ་དང་ཀླུ་རིགས་རྣམས་ནོར་ལོངས་སྤྱོད་དང་འབྲེལ་བ་ཡོད་ན་དེ་དག་དང་ནེའུ་ལེ་དང་འབྲེལ་བ་ཅི་ཞིག་ཡོད་སྙམ་ཚེ། གང་ཞིག་ལ་ནོར་དང་ལོངས་སྤྱོད་ཡོད་ན་དེ་དག་རང་ཉིད་ལ་ཐོབ་འདོད་པ་ནི་འགྲོ་བའི་རང་གཤིས་ཞིག་ཡིན། སྔོན་མ་རྒྱ་གར་བའི་སྒྲུང་ནང་དུ་གོང་ཞུས་ལྟར་ནཱག་མ་ཎི་སྟེ་སྦྲུལ་གྱི་མགོ་ལ་ནོར་བུ་རིན་ཆེན་ཡོད་པ་དང་། ལྷག་པར་གསེར་དངུལ་སོགས་རིན་པོ་ཆེའི་གཏེར་ཁ་གང་དུ་ཡོད་པར་དེར་སྦྲུལ་གྱིས་སྲུང་བ་དང་གནོད་པ་ཡོང་གི་ཡོད་པར་འདོད་ཀྱིན་ཡོད། གལ་ཏེ་ལྷ་མོ་ནོར་སྦྱིན་མ་ཡུན་སྒྲུབ་མི་དགོས་པར་སྦྲུལ་མགོའི་རིན་པོ་ཆེ་མྱུར་དུ་ལེན་པ་དང་། གསེར་དངུལ་གྱི་གཏེར་ཁ་དེ་དག་ཚ་ལེན་བྱ་དགོས་ན་ད་གཟོད་སྦྲུལ་འདུལ་བའི་ཐབས་ལམ་ཤེས་དགོས་ལ། ཐབས་ལམ་ལེགས་ཤོས་ནི་ནེའུ་ལེ་བཀོལ་ནས་སྦྲུལ་གསོད་རྒྱུ་དེ་རེད། རྒྱ་གར་གྱི་གཏམ་རྒྱུད་འགའ་ལྟར་ན་ནོར་བདག་ཀུ་བེ་ར་ནི་ཐོག་མར་རྐུན་པོ་ནག་ཅན་ཡ་མེད་ཅིག་དང་། ལྷ་དབང་ཕྱུག་ཆེན་པོས་ཁོའི་མི་ཚེ་གཅིག་ལ་འདང་བའི་རྐུ་མའི་འཆར་གཞི་ལ་ཧ་ལས་ཏེ། ཁྱོད་རང་མ་འོངས་ནོར་ལོངས་སྤྱོང་སྲུང་བའི་བདག་པོ་ཞིག་བྱ་དགོས་ཞེས་བཀའ་ཕབ་ནས་བྱང་ཕྱོགས་ནོར་བདག་རྒྱལ་པོ་ཆེན་པོ་ཀུ་བེ་རཱ་ཞེས་བཏགས་པ་རེད་མོད། དེས་ན་ཀླུ་ཡི་ལོངས་སྤྱོད་ལེན་དགོས་ན་ཀླུ་རིགས་འདུལ་དགོས་པ་སྨྲོས་མེད་ཡིན་རྩང་ད་གཟོད་ལྷ་སྒྲུང་ནང་དུ་ནེའུ་ལེ་ནི་ནོར་བདག་ཚོའི་མཚོན་རྟགས་གལ་ཆེན་ཞིག་ཏུ་གྱུར་བ་ཡིན།
ཡང་ལྷ་སྒྲུང་གཞན་ཞིག་ནི་སྐྱ་སིང་བུ་ལྔའི་སྐབས་དང་འབྲེལ་ནས་ཡོད། སྐབས་ཞིག་རྒྱལ་པོ་ཡུ་དྷིས་ཐིར་ King Yudhisthira / युधिष्ठिर (གཡུལ་བརྟན་ཡིན།) ཡིས་ཡུལ་དེའི་སྐད་གྲགས་ཡོད་པའི་དྲང་སྲོང་རྣམས་རྒྱལ་པོ་ཁྲི་གསོལ་གྱི་མཛད་སྒོར་གདན་དྲངས་རྗེས། གཟུགས་པོ་ཕྱེད་གསེར་མདོག་ཏུ་གྱུར་བའི་ནེའུ་ལེ་ཞིག་གིས་དྲང་སྲོང་དག་བཞུགས་པའི་གདན་དང་ཞབས་ཀྱིས་བཀྱགས་སར་འཚམས་མ་ཆད་པར་འགྲེ་ལྡོག་བྱེད་ཀྱིན་ཡོད། རྒྱལ་པོ་གཡུལ་བརྟན་གྱིས་ནེའུ་ལེ་ལ་རྒྱུ་མཚན་དྲིས་པར་ནེའུ་ལེས། “ རྒྱལ་པོ་ལགས། འདི་ནས་རིང་མིན་ས་ཆ་ཞིག་ལ་ཆེས་ཉམས་ཐག་ཅིང་ཉིན་བཞི་ལྔར་ཟ་མ་ཁམ་གང་མ་རག་པའི་་བྲམ་ཟེའི་ཁྱིམ་ཚང་ཞིག་འདུག སྐབས་ཤིག་ཁོ་ཚོར་གྲོ་བྲེ་གང་ཙམ་ཞིག་ཐོབ་འདུག་པ་བག་ལེབ་བཟོ་སྐབས་ཏག་ཏག་མགྲོན་པོ་འགའ་སླེབས་ནས་སེམས་བཟང་བའི་བྲམ་ཟེ་ནང་མིས་ཡོད་ཚད་མགྲོན་པོར་ཕུལ་འདུག ང་ཡང་ས་ཆ་དེ་ནས་བརྒྱུད་ཞོར་སར་འཐོར་ཡོད་པའི་གྲོ་ཕྱེ་འགའ་ལུས་ལ་འགོས་པས་ད་གཟོད་ངའི་ལུས་ཕྱེད་གསེར་མདོག་ཏུ་གྱུར། ཡིན་ནའང་གྲོ་ཕྱེ་ཉུང་དྲགས་པས་ལྷག་ལུས་སུ་གྱུར་བའི་ངའི་ལུས་ཕྱེད་འདི་གསེར་མདོག་ཏུ་འགྱུར་བར་དྲང་སྲོང་རྣམས་ཀྱི་བྱིན་གྱིས་རླབས་པའི་ས་གདན་དུ་འགྲེ་ལྡོག་བྱེད་ཀྱིན་ཡོད། ཡིད་ཕངས་བ་ཞིག་ལ་ཁྱེད་ཀྱིས་གདན་དྲངས་པའི་དྲང་སྲོང་སུ་ཞིག་གིས་ཀྱང་བྲམ་ཟེ་ནང་མའི་བློས་གཏོང་དང་རྒྱུ་ནོར་ལ་དོ་ཟླ་བྱེད་ཐུབ་མ་སོང་། “ ཅེས་བཤད། སྐད་ཆ་དེས་རྒྱལ་པོ་གཡུལ་བརྟན་གྱི་སེམས་པ་རབ་ཏུ་བཀུག་སྟེ་ལོངས་སྤྱོད་ཇི་ཙམ་ཆེ་ཡང་སེམས་བཟང་དང་གཏོང་ཕོད་ཀྱི་སྙིང་སྟོབས་དགོས་པ་གལ་ཆེན་རེད་འདུག་སྙམ་ནས་ནེའུ་ལེར་བསྟོད་པ་ལྟ་བུའོ། །
ཁ་བ་གངས་ཅན་པའི་མེས་པོའི་ཆོས་རིག་གཡུང་དྲུང་བོན་གྱི་དཔེ་རྙིང་ཁག་ནང་ནེའུ་ལེ་དང་འབྲེལ་བའི་སྐོར་འཁོད་པ་འགའ་གླེང་ན། དེའང་མདོ་གསེར་འོད་དམ་པ་ལས། “ ལྷུན་པོ་དག་ལ་གནས་བཅས་ཤིང་། །བྱང་ཕྱོགས་རིན་ཆེན་གཏེར་གྱི་གླིང་། །རྒྱ་མཚོ་ཆེན་པོ་འཁྱིལ་པའི་དཀྱིལ། །རིན་ཆེན་གཏེར་གྱི་ཕོ་བྲང་ནས། །ཀུ་བཱེེ་ར་ཙ་རྟ་ཡི་ལྷ། །དམར་པོ་རིན་ཆེན་ནེའུ་ལེ་བསྣམས། །ལན་རེ་དམར་ལྗང་མེ་དར་བརྒྱན། །རིན་ཆེན་ནོར་བུའི་ཕྲེང་བས་བརྒྱན། །ཞབས་གཉིས་བརྐྱང་བསྐུམ་ཅང་ཤེས་གནོན། ། ” ཞེས་སྐབས་འདིར་ཀུ་བེ་རཱ་ཡིས་ཕྱག་ན་ནེའུ་ལེ་བསྣམས་པ་དང་། བྱང་ཕྱོགས་སྐྱོང་བའི་བདག་པོ་ཡིན་པ་སོགས་ནི་རྒྱ་གར་རིག་བྱེད་ཀྱི་གཏམ་རྒྱུད་ལྟར་མཚུངས་ཀྱང་། ཁོ་ཚོའི་བཤད་སྟངས་ལྟར་ན་ཕྱོགས་སྐྱོང་བརྒྱད་དམ་བཅུ་ཡི་ནང་ཚན་ཀུ་བེ་རཱ་འདི་སྤྱིར་བཏང་བྱང་ཕྱོགས་སྐྱོང་བའི་བདག་པོ་ཡིན་པ་ལས་རྟ་ལྷའམ་རྟ་བདག་མིན།
ཁོ་ཚོའི་ལོ་རྒྱུས་ནང་རྟ་སྐྱོང་བའམ་མགོན་པའི་ལྷ་ནི་སྐྱ་སིང་བུ་ལྔའི་ནང་ཚན་ནཱ་ཀུལ་ Nakula/ नकुल ཞེས་པ་འདི་རྟ་བདག་གམ་རྟ་དཔྱད་མཁས་པ་ཞིག་ཡིན་པར་བརྩི།
འདིར་ནོར་འཛུལ་འགྲོ་ས་ཞིག་ཡོད་པ་ནི། ནཱ་ཀུལ་ཞེས་པའི་མིང་འདི་སྐབས་རེར་ནེའུ་ལེའི་མིང་དུ་བཀོལ་ཡོད་པས་ད་གཟོད་ནཱ་ཀུལ་ལམ་ནེའུ་ལེ་འཛིན་པའི་ལྷ་ཀུ་བེ་རཱ་དེའང་རྟ་ལྷ་ཡིན་པར་སྨྲས་ཏེ་ཕན་ཚུན་འཁྲུག་ཡོད་སྲིད། དེ་མིན་གདན་ཁྲིའམ་ཆིབས་པའི་སྐོར་ནས་འདིར་བསྟན་ཀུ་བེ་རཱས་ཅང་ཤེས་གནོན་གསུངས་ཀྱང་ཧིན་དྷུའི་ལྷ་ཚོགས་ནང་ཀུ་བེ་རཱས་ནེའུ་ལེ་དང་། ཡང་སྐབས་རེར་གླང་ཆེན་ཞོན་པ་དང་མི་ཡི་སྟེང་དུ་སྡོད་པ་ལས་ཅང་ཤེས་སམ་རྟ་ཞོན་པའི་ཀུ་བེ་རཱ་ཞིག་མེད།
སྤྱིར་བཏང་བོན་ཕྱོགས་ཀྱི་དཔེ་ཆའི་ནང་གནོད་སྦྱིན་ནོར་བདག་དེ་ཚོ་མང་ཕལ་ཆེར་གྱིས་ནེའུ་ལེ་འཛིན་ཡོད་པ་དཔེར་སྟོན་ཙམ་ཞུ་ན། གཙང་མ་ཀླུ་འབུམ་ལས། “ ལྷོ་ཕྱོགས་པད་མའི་གདན་སྟེང་ན། །གཉན་བོན་ཁུ་བྱུག་དབྱངས་ཅན་ནི། །སྐུ་མདོག་སྔོན་པོ་རྒྱན་དང་ཆས། །ཕྱག་ན་ནེའུ་ལེའི་རྐྱལ་པ་འཛིན། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། ། ” ཞེས་དང་།
མདོ་རྣམ་རྒྱལ་ལས། “ དེའི་ཚེ་དེའི་དུས་ན། དཔལ་མགོན་གྱི་རྒྱལ་པོ་ནོར་གྲུབ་རྗེ་ཞེས་བྱ་བ། ཤེལ་གྱི་མི་དཀར་ལ་གཡུའི་རལ་པ་ཅན། ནོར་བུ་རིན་པོ་ཆེ་དང་ནེའུ་ལེའི་རྐྱལ་པ་འཛིན་པ་དེས། ། ” ཞེས་དང་།
ཡང་། “ དཔལ་མགོན་ཨརྱ་ཛྷམ་བྷ་ལ་ཞེས་བྱ་བ། སྲིད་པ་གསུམ་གྱི་ནི་ནོར་བྱིན། བསྐལ་པ་གསུམ་གྱི་ནི་དབང་བསྐུར། འབྱུང་བ་བཞིའི་ནི་གཏེར་བསྲུང་བའི་གཏེར་བདག་ཆེན་པོ་དེ། ལྕགས་ཀྱི་མི་ཆེན་པོ་ཁྲོ་བོའི་ལུས་ཀྱི་གཟུགས་ཅན། ཕྱག་ན་དྲག་ཚན་དབལ་གྱི་གྱད་རྡོ་དང་། ནེའུ་ལེའི་རྐྱལ་བུ་འཛིན་པ། ” ཞེས་དང་།
ཡང་། “ དེའི་ཚེ་དེའི་དུས་ན། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ། སྐུ་མདོག་ལྗང་ཁུ་རྒྱན་དང་ཆས། ཕྱག་ན་རིན་པོ་ཆེ་ནེའུ་ལེའི་རྐྱལ་བུ་འཛིན་པ། ” ཞེས་དང་།
དྲི་མེད་གཟི་བརྗིད་ལས། “ བྱང་གི་ཕྱོགས་ནས་སྒོ་སྲུང་བ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །སྐུ་མདོག་སེར་ལ་འོད་ཟེར་འབར། །ཕྱག་མཚན་ནེའུ་ལེའི་རྐྱལ་པ་བསྣམས། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། ། ” ཞེས་སོགས་ཀྱིས་མཚོན་བཀའ་དང་བཀའ་བརྟེན་རྣམས་སུ་ཧ་ཅང་མང་བས་རེ་རེ་བཞིན་ཞུ་དགོས་པ་མ་མཐོང་།
བོན་ཕྱོགས་ནས་ནེའུ་ལེས་ཅི་ཕྱིར་འབྱོར་ཕྱུག་མཚོན་གྱིན་ཡོད་པའི་སྐོར་ད་བར་མ་མཇལ། འདིར་གསལ་བའི་རྒྱལ་པོ་རྣམ་ཐོས་སྲས་དང་གོང་ཞུས་ཀུ་བེ་རཱ་གཉིས་རྣམ་པ་གཅིག་ཡིན་པ་རཱ་མ་ཎཱ་དང་ཤྲི་ལངྐའི་ལྷ་སྒྲུང་། དེ་བཞིན་རྒྱ་བརྒྱུད་ནང་བསྟན་སྲུང་མ་ཁག་གི་ལོ་རྒྱུས་རྣམས་ལ་དཔྱད་ན་རྟོགས་ཐུབ་ལ། ལྷག་དོན་ས་ཆེན་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་མཆོད་བསྟོད་རིན་ཆེན་གཏེར་མཛོད་སོགས་ལ་གཟིགས་ན་རྒྱས་པར་ཤེས་ནུས།
རྒྱ་ཡིག་དང་དབྱིན་ཡིག་ནང་གསལ་བའི་རྒྱ་བརྒྱུད་ནང་བསྟན་སྲུང་མ་ཁག་དང་འབྲེལ་བའི་རྩོམ་ཡིག་མང་པོའི་ནང་རྣམ་ཐོས་སྲས་འདི་ནོར་བདག་ཡིན་པ་དང་། འདིའི་ལག་གཡོན་དུ་ནེའུ་ལེ་འཛིན་པ་དེ་དག་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ལས་བྱུང་ཞིང་། དེའི་མཚོན་དོན་ནི་ནེའུ་ལེ་སྦྲུལ་གྱི་དགྲ་བོ་ཡིན་པར་མ་ཚད་སྦྲུལ་ནི་འདོད་རྔམ་དང་ཞེ་སྡང་གི་གྱི་མཚོན་རྟགས་ཡིན། ནེའུ་ལེའི་ཁ་ནས་རིན་པོ་ཆེ་ཕྱིར་འབུད་བྱས་པ་དེས་གཏོང་ཕོད་ཆེན་པོ་མཚོན་གྱི་ཡོད་པར་བཤད་པ་ཙམ་ལས་ནེའུ་ལེའི་སྐོར་དམིགས་བསལ་འགྲེལ་བཤད་གང་ཡང་མ་རྙེད། །
དོན་ངོ་མ་ནོར་བདག་ཚོས་ནེའུ་ལེ་ཅིས་ཕྱིར་བཀོལ་བ་ཡིན་ནམ།
རྒྱལ་སྤྱིའི་ས་ཁམས་རིག་པ་དང་སྲོག་ཆག་རིག་པ་བ་དེ་ཚོ་ལྟར་ན། ནེའུ་ལེ་འདི་སྤྱིར་བཏང་སེམས་ཅན་བློ་ཁོག་དང་སྙིང་སྟོབས་ཆེན་པོ། རང་ཚུགས་ལྡན་པ། སྤྲོ་སྣང་ཆེ་བ། དགྲ་ཕྱོགས་ལ་འགོག་རྒོལ་ཚ་བ། བློ་རིག་བཀྲ་བ། རང་སྲུང་གི་མྱུར་ཚད་ཆེ་བ། རིགས་མཐུན་ལ་གཅེས་སྐྱོང་ཆེ་བ་བཅས་ཀྱི་ཁྱད་ཆོས་ཡ་མཚན་ལྡན་པའི་སྲོག་ཆག་ཅིག་ཡིན་པར་སྨྲ།
འགྲོ་བ་མི་ཡི་རིགས་འདིས་རང་ཉིད་ཀྱི་འཚོ་གནས་ཆེད་སེམས་ཅན་གཞན་བེད་སྤྱོད་དེ་རྔོན་བདའ་བ་དང་ནོར་སྒྲུག་པ་སྤྱིར་བཏང་བ་ཞིག་ཡིན། དཔེར་མཚོན་ནི། ང་ཚོའི་མཐོང་ཡུལ་དུ་གྱུར་པ་རྔོན་བདའ་བའི་ཆེད་ཁྱི་བཀོལ་བ་དང་། གནའ་སྔོན་མཐའ་ཡི་རྒྱ་མཚོ་དང་འབྲེལ་བའི་ཡུལ་གྲུ་ཁག་ཕན་ཚུན་མཚོ་ཐོག་ནས་ཚོང་འགྲུལ་བསྐྱོད་དགོས་ཚེ་ཕུག་རོན་བཀོལ་ཏེ་ཕྱོགས་སྟོན་བྱེད་པ། སོག་རིགས་གཙོ་བོར་འདུས་སྡོད་ཀྱི་ཡུལ་གྲུ་མང་པོའི་ནང་ཁྲ་གླག་བཀོལ་ཏེ་རི་དྭགས་རྔོན་པ་དང་། རྒྱ་ནག་ལྷོ་རྒྱུད་དང་དེའི་ཁྱིམ་མཚེས་ཡུལ་གྲུ་མང་པོར་སོ་བྱ་རོག་མོ་བཀོལ་ཏེ་ཉ་འཛིན་པ། དེ་བཞིན་ཚ་བ་ཆེ་བའི་ཡུལ་གྲུར་ཞིང་པ་ཚོས་ཆ་ག་བ་བདའ་ཕྱིར་བྱ་གག་བཀོལ་བ་དང་། ནུབ་ཕྱོགས་པ་ཚོས་ར་ལུག་རྫི་བོའི་ཆེད་དམིགས་བསལ་རྫི་ཁྱི་བཀོལ་བ། ནགས་ཀླུང་དང་ཉེ་བའི་ཁྲུས་རྫིང་རྣམས་སུ་དུག་སྦྲང་འགོག་ཆེད་གྷམ་བུ་སི་ཡ་ Gambusia ཞེས་པའི་དུག་སྦྲང་ཟ་བའི་ཉ་རིགས་བཀོལ་བ་དང་། ལྷོ་ཨ་ཧྥི་རི་ཀའི་ནང་དུ་ཆུ་འཚོལ་ཆེད་བྷམ་བུན་ཞེས་པའི་སྤྲེའུ་རིགས་བཀོལ་བ། ད་དུང་ཉེ་བའི་ཆར་རྒྱལ་ཁབ་འགའ་ཞིག་ནང་ཚན་རིག་པས་བརྟག་དཔྱད་གྲུབ་དོན་ལྟར་ཙི་ཙི་དང་ཕ་ཝང་སོགས་བཀོལ་ནས་རྒྱལ་ཁབ་ཕན་ཚུན་གྱི་དམག་དོན་གསང་བ་རྐུ་འཁྱེར་བྱ་ཐུབ་པ་བཤད་པ་ལྟ་བུ་ཡིན།
རྒྱུ་མཚན་འདི་དག་དང་འབྲེལ་གནའ་སྔོན་མི་ཡི་རིགས་ཀྱི་ལོ་རྒྱུས་ནང་གསེར་དངུལ་སོགས་རིན་ཆེན་རིགས་བེད་མ་སྤྱད་གོང་མི་རྣམས་ནི་འབྲུ་རིགས་ལོ་ཏོག་ཁོ་ནའི་བདག་དབང་ཙམ་ཡིན་སྐབས། འབྲུ་རིགས་ལོ་ཏོག་ཇི་ཙམ་རྒྱས་ན་དེ་ཙམ་གྱིས་ཙིག་སོ་ཅན་ Rodents (ཙི་ཙི་དང་ཨབ་བྲ་རི་བོང་སོགས) གྱིས་འཚེ་བ་ཡོང་གི་ཡོད། མི་རྣམས་ཀྱིས་ཡུན་རིང་རྒྱུས་ལོན་བྱས་རྗེས་ད་གཟོད་སྦྲུལ་གྱིས་སེམས་ཅན་འདི་དག་གསོད་འགོག་ཐུབ་པ་ཤེས་ནས་སྦྲུལ་སྤྱད་དེ་རང་ཉིད་ལ་བདག་པའི་རྒྱུ་ནོར་འབྲུ་རིགས་རྣམས་སྔར་ལས་ལྷག་པའི་གསོག་ཉར་བྱེད་ཐུབ་པ་བྱུང་ཡོད།
ལོ་རབས་དུ་མའི་རྗེས་སུ་གནའ་ནས་བརྒྱུད་ཡོང་བའི་རིག་པ་དེ་བེད་སྤྱད་དེ་མི་རྣམས་ཀྱིས་གསེར་དངུལ་སོགས་རྒྱུ་ནོར་སྲུང་སྐྱོབ་ཆེད་སྦྲུལ་བཀོལ་ཡོད་པར་ཆེད་མཁས་པ་རྣམས་ཀྱིས་འདོད་ཀྱིན་ཡོད། ང་ཚོས་ད་ལྟའི་ཆར་མིག་མཐོང་ལག་ཟིན་ལྟ་བུར་མི་སྒེར་གྱིས་གསེར་དངུལ་སོགས་སྦས་བསྐུངས་བྱས་ཡོད་པའི་ས་གནས་སུ་སྦྲུལ་ཡོད་པ་རྒྱུན་མཐོང་ཡིན། དེ་བཞིན་གསེར་དངུལ་རྒྱན་ཆ་དང་མཉམ་དུ་དུར་སྦས་ཡོད་པའི་དུར་སྒམ་ནང་དུ་སྦྲུལ་ཤི་བའི་རོ་ཡང་མཐོང་རྒྱུ་ཡོད། འདིའི་ཐད་ཆེད་མཁས་པ་ཚོས་གནའ་སྔོན་མི་རྣམས་ཀྱིས་རང་ཉིད་ལ་བདག་པའི་གསེར་དངུལ་རྣམས་གནས་སྐབས་བྲག་ཕུག་དང་སར་སྦས་གཏོང་དགོས་ཐུག་ཚེ་དེ་དང་མཉམ་དུ་གསེར་དངུལ་དེ་དག་སྲུང་སྐྱོབ་ཆེད་སྦྲུལ་གཏོང་བཞིན་ཡོད་པར་འདོད་ཀྱིན་ཡོད།
དེ་ཙམ་དུ་མ་ཟད་དེ་སྔོན་ཛིམ་བྷ་བ་ཝེའི་ Zimbabwe རྒྱལ་ཁབ་ཀྱི་གྲོང་ཆེར་མཱས་ཝིན་གོ་ནང་གསེར་དང་ཟང་། རིན་པོ་ཆེའི་གཏེར་རྡོ་སོགས་འདོན་སྐབས་གཏེར་རྫས་ཡོད་ཁུལ་ལ་སྦྲུལ་གྱིས་ཁེངས་པར་མ་ཟད། རིན་པོ་ཆེའི་གཏེར་རྡོ་ལ་སྦྲུལ་གྱིས་འཁྱུད་ནས་བསྡད་ཡོད་པའི་གནས་ཚུལ་བྱུང་ཡོད།
དེ་བཞིན་རྒྱ་གར་གྱི་མངའ་སྡེ་ཨུ་ཊར་པརྡེཤ་ Uttar Pradesh ནང་ཕྱི་ལོ་ ༡༩༩༢ ཙམ་ནས་འགོ་བཙུག་སྟེ་གསེར་གཏེར་བསྔོག་འདོན་བྱས་སྐབས། ཐོག་མར་གསེར་ཡོད་པའི་ས་ཁུལ་ཁག་ཏུ་མི་སྲོག་ལ་ཆེས་ཉེན་ཁ་ཆེ་བའི་དུག་སྦྲུལ་ Viper, Cobra, Krait ལྟ་བུའི་རིགས་ཀྱིས་ཁེངས་ཡོད་པར་གསལ་ཡོད།
ད་འོ་ན་གསེར་གཏེར་དང་གསེར་སྦས་ཡོད་པའི་སར་སྦྲུལ་ཡོད་པ་རྒྱུན་མཐོང་ལྟ་བུ་ཡིན་ན། དོན་ངོ་མ་སྦྲུལ་ཅིས་ཕྱིར་གསེར་ལ་དགའ་བ་དང་འཁོར་བ་ཡིན་ནམ་ཞེས་པའི་དྲི་བ་འདི་རེད། དྲི་བ་འདིའི་ལན་ད་བར་ཚན་རིག་པ་དང་ཆེད་མཁས་པ་སུས་ཀྱང་རྒྱུ་མཚན་ལྡན་པ་ཞིག་རྙེད་མེད། མང་པོ་ཞིག་གིས་འདི་ནི་རང་འབྱུང་འཚོ་གནས་ Natural habitat ཞིག་ཡིན་ཞེས་པ་ཙམ་རེད། མི་རྣམས་ཀྱིས་གནའ་སྔོན་ནས་སྦྲུལ་གསེར་ལ་དགའ་བའམ་འཁོར་བ་ཤེས་ནས་ད་གཟོད་གསེར་སྦས་ཁུང་རྣམས་སུ་སྦྲུལ་གཏོང་བའི་སྲོལ་དེ་ཡུན་རིང་སྤྱད་ཀྱང་། ལྡོག་ཕྱོགས་ནས་གཞན་གྱིས་རྒྱུ་དངོས་གསེར་དངུལ་དེ་དག་རྐུ་འཁྱེར་སོགས་བྱ་དགོས་ན་ད་གཟོད་སྦྲུལ་འགོག་དགོས་པ་ཡང་ཤེས་བཞིན་ཡོད་སྟབས། དེ་དག་འགོག་སྲུང་ཆེད་ད་གཟོད་རྐུན་པོ་ཚོས་ནེའུ་ལེ་བེད་སྤྱོད་བཞིན་ཡོད།
ངས་གོང་དུ་ཅུང་གླེང་ཟིན་པ་བཞིན་རྒྱ་གར་གྱི་ལྷ་སྲུང་གཏམ་རྒྱུད་ནང་ནོར་བདག་ཀུ་བེ་རཱ་འདི་སྐྱེ་བ་སྔོན་མར་རྐུན་པོ་ནག་ཅན་ཞིག་ཡིན་པར་མ་ཟད། ཐ་ན་ལྷ་ཁང་ནས་གསེར་དངུལ་སོགས་རྐུ་ཁྱེར་བྱེད་པར་ཡང་སེམས་འཛིན་མི་བྱེད་མཁན་ཞིག་ཡིན། ཐེངས་ཤིག་ལ་ཁོ་རང་ལྷ་ཁང་ཞིག་ཏུ་འཛུལ་ནས་དགོན་དེའི་རིན་པོ་ཆེའི་རྒྱུ་ནོར་རྩ་ཆེན་དག་མཐོང་སྐབས། ཁོའི་སེམས་སུ་དེ་རིང་མི་ཚེ་གཅིག་ལ་འདང་བའི་རྐུ་རླབས་ཆེན་ཞིག་རྒྱག་དགོས་སྙམ་ནས་རྐུན་ཐབས་ལ་འབད་སྐབས། ཆར་རླུང་དྲག་པོ་ཞིག་གིས་ཁོའི་ཞུ་མར་ཡང་ནས་ཡང་དུ་བསད། མཐར་ཁོ་རང་འུ་ཐུག་སྟེ་ལུས་ཀྱི་སྟོད་ལྭ་མར་ཕུད་ནས་མེར་སྒྲོན་སྐབས་འོད་སྣང་དུ་མཉམ་དུ་གློ་བུར་ལྷ་ཆེན་དབང་ཕྱུག་ཆེན་པོ་སྐུ་དངོས་སུ་བྱོན་ཏེ། ཁྱོད་ཀྱི་འབད་བརྩོན་དང་མ་འོངས་གསོག་འཇོག་གི་འཆར་གཞི་དེ་དག་ཧ་ཅང་ཡིད་རབ་ཏུ་མགུ་བ་ཞིག་རེད། ད་ནས་བཟུང་ཁྱོད་ཀྱིས་རྐུ་བྱ་མི་དགོས་པར་མགྱོགས་པོ་སྐྱེ་བ་གསར་པ་རྒྱུ་ནོར་སྲུང་བའི་ནོར་བདག་ཅིག་ཏུ་གྱུར་ཅིག་གསུངས་ནས་བཀའ་ཕབ་པའི་ཤོད་སྲོལ་ཡོད་པ་རེད།
གཏམ་རྒྱུད་འདི་ལྷ་སྒྲུང་ཞིག་ཡིན་ནའང་ཀུ་བེ་རཱས་ད་ལྟ་ཡང་ཕྱག་གཡོན་དུ་ནེའུ་ལེ་འཛིན་པར་བསམ་ཚེ། སྐྱེ་བ་སྔོན་མ་ནེའུ་ལེ་སྤྱད་དེ་སྦྲུལ་འགོག་གསེར་ལེན་རིག་པའི་བག་ཆགས་དེའང་ད་དུང་འཐུག་ཙམ་བསྡད་འདུག་ཨང་སྙམ་པ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེ་ཡོང་ངོ་ཞེས་ཁ་མཚར་ཚུལ་དུ་སྨྲས་སོ།། །།
རྩོམ་ཐུང་འདི་ཉིད་ཉེ་ཆར་བོན་གྱི་དྲིས་ལན་ར་བར་ནེའུ་ལེའི་སྐོར་གླེང་སློང་བྱུང་བ་དང་དེ་སྔོན་རྒྱལ་ཆེན་བཞིའི་སྐོར་དཔྱད་ཞིབ་ཅུང་ཙམ་བྱས་པའི་མྱོང་བྱང་དུ་དགེ་ཧི་མ་ལ་ཡའི་རྒྱལ་སྲས་པས་ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༢༣ ཉིན་འཇར་མན་ཡུལ་གྱི་ཆུ་བོ་དྷོ་ནཱའོ་གཙང་པོའི་འགྲམ་དུ་གཟའ་མཇུག་གུང་གསེང་ཉིན་བྲིས།། །།