དགེ་སྒྲུབ་སྡིག་སྤོང་གི་སྒོ་ནས་རང་རྒྱུད་འདུལ་སྟངས་ཇི་ལྟར་ཡིན།
རྩོམ་བྲིས་པ། དགེ་བཤེས་བསམ་གཏན་གཙུག་ཕུད། དྲི་བ་གཏོང་མཁན། གཤེན་བསྟན་གླེང་སའི་དད་ལྡན།
ལན། དགེ་སྒྲུབ་སྡིག་སྤོང་གི་སྒོ་ནས་རང་རྒྱུད་འདུལ་སྟངས་དེ་བཤད་དགོས་པ་རེད། དེ་ཡིན་དུས་སངས་རྒྱས་ཀྱིས་གསུངས་པའི་གཞུང་ལུགས་གཞིར་བཞག་ནས་དངོས་སུ་རང་ཉིད་ཀྱི་ལུས་ངག་ཡིད་གསུམ་འདུལ་སྦྱོང་བྱེད་སྟངས་ཀྱི་ཐབས་ལམ་གཅིག་ཡོད་པ་རེད། དེ་ག་རེ་རེད་ཟེར་ན། དད་ལྡན་མང་ཚོགས་ཤིག་ཡིན་ཕན་ཆད་དང་པོ་དཀོན་མཆོག་གསུམ་གང་ཡིན་པ་ངོ་ཤེས་རྒྱུ་དེ་གཙོ་བོ་གྱིས། དེ་ནས་དེ་ལ་སྐྱབས་སུ་ཞུ་རྒྱུ་དེ་དགེ་བ་སྒྲུབ་པའི་ལམ་གྱི་མཇུག་སྒོ་དང་པོ་རེད། རྩ་བ་དཀོན་མཆོག་གསུམ་ལ་ཡིད་ཆེས་བློ་འགེལ་བྱས་པའི་ཐོག་ནས་རང་ཉིད་ཀྱི་ལུས་ངག་ཡིད་གསུམ་གྱི་དགེ་བའི་ལས་སྤྱོད་ལ་བརྟེན་ནས་རང་རྒྱུད་འདུལ་དགོས་པ་དེ་རེད། ལུས་ངག་ཡིད་གསུམ་གྱི་སྒོ་ནས་རང་རྒྱུད་འདུལ་སྟངས་དེ།
དཔེར་ན། ལུས་ཀྱི་ཐད་ནས་བཤད་ན། སྲོག་གཅོད་པ་དང་། མ་བྱིན་པ་ལེན་པ། འདོད་ལོག་གི་སྤྱོད་པ་གསུམ་པོ་དེ་ སྤང་བྱ་དང་མུ་དགེ་བ་ཡིན་པ་མ་ཟད་དེས་བསྐྱེད་པའི་འབྲས་བུ་ཚང་མ་སྡུག་བསྔལ་ཡིན་པ་ཧ་གོ་ནས་དེའི་དབང་དུ་མི་གཏོང་བ་བྱ་རྒྱུ་དེ་ཉམས་ལེན་རེད། དགེ་བ་རེད། དེ་ཡིན་དུས་སྲོག་གཅོད་སྤངས་ནས་སྙིང་རྗེ་བསྐྱེད་ཏེ་སྲོག་བསླུ་བྱེད། མ་བྱིན་པ་ལེན་པ་སྤངས་ནས་སྦྱིན་པ་གཏོང་།
ལོག་གཡེམ་སྤངས་ནས་ཐ་ན་བསྙེན་སྨྱུང་དང་དགེ་བསྙེན་གྱི་སྡོམ་པ་ཙམ་ཡང་སྲུང་ཨི་ཐུབ་བལྟ། དེ་བཞིན་ངག་གི་སྒོ་ནས་བཤད་ན། རྫུན་དང་། ཕྲ་མ། ཚིག་རྩུབ། ངག་འཁྱལ་བཞི་པོ་དེ་གྲོགས་པོ་དང་གྲོགས་མོ་སོགས་མི་རྣམས་ཕན་ཚུན་མཐུན་ལམ་མེད་པ་གཏོང་སྤྱད་དང་། དེ་བ་ནང་བཞིན་འཁྲུག་རྩོད་དང་སེམས་ཕམ་སྐྱེད་སྤྱད་ཀྱི་རྒྱུ་རྐྱེན་ཡིན་པ་ཧ་གོ་ནས་བག་ཡངས་སུ་མི་གཏོང་བར་བསྡམ་དགོས་པ་དེ་རེད། དཔེར་ན། རྫུན་སྤངས་ནས་བདེན་པ་བཤད། ཕྲ་མ་སྤངས་ནས་འགལ་བ་རྣམས་མཐུན་ལམ་ཨི་ཐུབ་བལྟ། ཚིག་རྩུབ་སྤངས་ནས་ངག་འཇམ་པོས་སྐད་ཆ་བཤད། ངག་འཆལ་སྤངས་དང་ཁ་ཐོན་འདོན་རྒྱུ་དང་། བདེ་བར་གཤེགས་པའི་བསྙེན་འཛབ་བགྲང་ཨི་ཐུབ་བལྟ་རྒྱུ་དེ་ཚོ་རེད།
ཡིད་ཀྱི་ཐད་ནས་བཤད་ན། མངན་སེམས། གནོད་སེམས། ལོག་ལྟ་གསུམ་པོ་དེ་སེམས་ཀྱི་ན་ཚ་དང་། མུ་དགེ་བ་ཡིན་པ། མི་བདེའི་གཞི་ཡིན་པ་ཧ་གོ་ནས་དེ་ཚོ་རབ་བྱུང་ན་རྩ་བ་ནས་སྤོང་རྒྱུ་དང་། དེ་མིན་ན་ཡང་རང་ཉིད་ཀྱི་འཚོ་བའི་ཁྲོད་མུ་དགེ་བ་དེ་ཚོ་སྐྱེ་ཡོང་དུས་མགོ་གནོན་ནས་འཕེལ་རྒྱས་སུ་འགྲོ་མི་བཅུག་རྒྱུ་དེ་ཙམ་ལ་ཡང་དགེ་མཚན་དང་བདེ་སྐྱིད་ཡོད་པ་རེད། དཔེར་ན། མི་དགེ་བ་བཅུ་པོ་དེ་ཁ་ཚུར་ལོག་ན་དགེ་བ་རྐྱང་རྐྱང་རེད། དེ་ཡིན་དུས་མངན་སེམས་སྤངས་ནས་གཏོང་སེམས་འཆང་། གནོད་སེམས་སྤངས་ནས་བརྩེ་སེམས་བསྐྱེད། ལོག་ལྟ་སྤངས་ནས་མ་ནོར་བའི་ལྟ་བ་རྒྱུད་ལ་བསྟེན་པ་དེ་ཚོ་ཡིད་ཀྱི་དགེ་བ་རེད། དགེ་བ་བྱེད་སྟངས་ལ་ཡང་གང་ཟག་རང་རང་གི་འདོད་དབང་དུ་མ་སོང་བར་རྒྱལ་བའི་བཀའ་ལ་བརྟེན་དགོས་པ་དེ་གལ་ཆེན་པོ་རེད།
དེ་མིན་རང་འདོད་ཀྱི་དབང་དུ་ཕྱིན་སོང་བ་ཡིན་ན་ལུང་མ་བསྟན་པ་ཟེར་བ་འདྲ་མོ་དང་། ཐོས་ཐོས་བོན་དུ་གྱེར་བ་ཟེར་བ་འདྲ་མོ་ཆགས་ནས་འབྲས་བུ་ལ་ཡང་ཁྲ་ཁྲ་ཞིག་མ་གཏོགས་ཡང་དག་པ་དང་དཀར་པོ་ཞིག་སྨིན་ཐུབ་ཀྱི་མ་རེད། མདོར་ན་མི་དགེ་བ་བཅུ་པོ་དེ་ཕྲ་ཞིང་ཕྲ་བ་ནས་སྤོང་གང་ཐུབ་བྱེད། དགེ་བ་བཅུ་པོ་དེ་རེ་རེ་བཞིན་དུ་ཕྲ་ཞིང་ཕྲ་བ་ནས་བསྒྲུབ་ཅི་ཐུབ་བྱེད་རྒྱུ་དེ་རང་རྒྱུད་འདུལ་བའི་ཐབས་ཤེས་གཞན་པ་གཅིག་རེད། དམིགས་བསལ་དགེ་བ་འགྱུར་ཆེ་བའི་དུས་ཚིགས་ལ་ཉ་དང་།གནམ་གང་། ཚེས་བརྒྱད། ཉི་ཤུ་གཉིས་བཅས་ལ་སངས་རྒྱས་དང་བསྟན་འཛིན་སྐྱེས་བུ་ཁྱད་པར་ཅན་འཁྲུངས་འདས་ཀྱི་དུས་ཚིགས་ཁེལ་གྱི་ཡོད་ཙང་དེ་དུས་དམིགས་བསལ་དགེ་བ་བསྒྲུབ་ཐུབ་ན་འགྱུར་ཆེན་པོ་ཡོང་གི་རེད་གསུངས་ཡོད་པ་རེད།།