ཐེག་པ་བཞི་བཅུ་རྩ་ལྔའི་ཡོངས་གོང་ན། ཞེས་པའི་དོན་གང་ཡིན་ནམ།
མཛད་པ་པོ། ༧འགྲོ་མགོན་བློ་གྲོས་རྒྱལ་མཚན་སོགས། དྲི་བ་འདོན་མཁན། མུ་ལ།
དྲི་བ། ཐེག་པ་བཞི་བཅུ་རྩ་ལྔའི་ཡོངས་གོང་ན། ཞེས་པའི་དོན་གང་ཡིན་ནམ།
ལན། འགྲོ་མགོན་རིན་པོ་ཆེའི་(དབལ་འགྲེལ་ལམ་ཁྲོ་བོ་སྐུ་གསུང་ཐུགས་ཀྱི་སྒྲུབ་ཐབས་ཀྱི་འགྲེལ་བ་གསལ་བྱེད་འཕྲུལ་གྱི་མེ་ལོང་) ལས།
“བསྭོ་དགུང་སྔོན་”ནི། ལྷོ་བཻ་དུར་འོད་ཀྱི་ནམ་མཁའ་འདི་མཚོན་པའི་འཁོར་བའི་ནམ་མཁའ་སྟེ། “ཡང་མ་”ཡེ་ཤེས་སྤྲོས་མེད་བོན་ཉིད་ཀྱི་ནམ་མཁའ་སྟེ། “ཡང་སྟེང་ན”ཞེས་བྱ། “བཞི་བཅུ་རྩ་ལྔ”ལ་ཕྱི་ནང་གསང་གསུམ་ལས། དང་པོ་ནི། འདོད་པའི་ས་འགྲོ་བ་རིགས་དྲུག གཟུགས་ཁམས་གནས་རིས་བཅུ་བདུན། གཟུགས་མེད་སྐྱེ་མཆེད་མུ་བཞི། མོས་སྤྱོད་བཞི། གཡུང་དྲུང་གི་ས་བཅུ་གཅིག ཀུན་ཏུ་འོད་བཅུ་གཉིས། བདེ་བ་ཆེན་པོ་བཅུ་གསུམ། ཡི་གེ་འཁོར་ལོ་རྫོགས་ཆེན་དང་ཞེ་ལྔ་འདས་པའི་སྣང་མེད་བོན་ཉིད་ཀྱི་ས་དང་། གཉིས་པ་ནི། “ཐེག་པ”ཞེས་པས། ཐེག་པ་དགུ་རེ་རེ་ལ་ཡང་ལྟ་སྤྱོད་སྒོམ་པ་དམ་ཚིག་འཕྲིན་ལས་ལྔ་ལྔ་འདས་པའི་ཁྱད་པར་བླ་མེད་ཀྱི་འབྲས་བུའི་ས་དང་། གསུམ་པ་ནི། ཕུང་པོ་ལྔ་། འབྱུང་བ་ལྔ་ཡི་རྟོག་པ་སྟེ་བཅུ་དང་། ཡུལ་དང་ཡུལ་ཅན་རྟོག་པ་བཅུ་དྲུག་དང་། དབང་པོ་དྲུག་གམ་གནས་དྲུག་དུས་བཞིའི་རྟོག་པ་སྟེ་བཅུ་དང་། ལུས་ངག་ཡིད་གསུམ་རྩ་ཡན་ལག་ཏུ་རྟོག་པ་བཞི་དང་། ཡིད་དང་སེམས་སུ་རྟོག་པ་གཉིས་ཏེ་ཞེ་ལྔ་འདས་པའི་སེམས་ཉིད་དབྱིངས་ཀྱི་ས་ཡིན་པས་ན་”ཡང་གོང་”གི་ཞེས་བྱ།
ཡང་(གཤེན་རབ་རྣམ་པར་རྒྱལ་ཡིད་བཞིན་ནོར་བུ་རིན་པོ་ཆེ་དང་དཔལ་མགོན་རྒྱལ་པོའི་གཟུངས་) ལས། “རྣམ་གསལ་གྱི་ཐེག་པ་ལྔ་དང་། སྣང་རྩེའི་ཐེག་པ་ལྔ། མངོན་སྤྱོད་ཀྱི་ཐེག་པ་ལྔ། ཡོངས་རྫོགས་ཀྱི་ཐེག་པ་ལྔ། རྣམ་དག་གི་ཐེག་པ་ལྔ། རྣམ་འགྱུར་གྱི་ཐེག་པ་ལྔ། རྣམ་གྲོལ་གྱི་ཐེག་པ་ལྔ། སངས་རྒྱས་ཀྱི་ཐེག་པ་ལྔའོ།” ཞེས་གསུངས་པ་ལྟར་གྱི་འགྲེལ་ཚུལ་ཡང་ཡོད་པར་མཁྱེན་དགོས་སོ།། །།