ཅ་ཏི་ཞེས་པ་གང་ལ་འགྲེལ་དགོས་སམ།
རྩོམ་བྲིས་པ། དགེ་བཛྲ་གུ་རུ་སོགས། དྲི་བ་གཏོང་མཁན། ལྷ་སྲས་རིག་སད།
དྲི་བ། ས་བདག་འཁྲུག་བཅོས་ལས་ཅ་ཏི་བརྩེག་དང་ཀླུ་གཏེར་སྦས་ཞེས་པའི་ཅ་ཏི་དེ་གང་ཞིག་ལ་འགྲེལ་དགོས་སམ།
ལན། ཅ་ཏི་ཞེས་པ་མཆོད་གཏོར་རྩིས་འགོ་བདུན་པ་ལས། རྒྱུ་དང་ཡོད་བྱད་དག་པར་བཤམས་པ་རིན་པོ་ཆེ་གསེར་དངུལ་ལ་སོགས་པ་སྣོད་བཟང་དྲི་མ་མེད་པའི་ནང་དུ་སྩལ་ཏེ། ཅ་ཏི་རའི་འཕྲུལ་འཁོར་གྱི་ཁྲི་ལ་འཇོག་པ་དང་གཉིས། ཞེས་དང་། སྣོད་གང་དང་མཐུན་ཏེ། ཅ་ཏི་ཞེས་པ་རིན་པོ་ཆེ་གང་རིགས་ཀྱི་ཁྲིའམ། གཡུ་ཡི་ཁྲིའམ། ཟངས་ལྕགས་ཀྱི་ཁྲིའམ། འཕྲུལ་འཁོར་རང་རྒྱུད་ཀྱི་ཁྲིའམ། འཕྲུལ་མེད་ནའང་ཤིང་གཙང་མའི་ཁྲི་ཡན་ཆད་ལ་བཞག ཅེས་སོགས་ཀྱི་ལུང་དོན་ལྟར་ན་མཆོད་ཁྲི་ཞིག་ལ་གོ་སྙམ།
_____དགེ་བཛྲ་གུ་རུ་ནས།
ང་ཚོའི་དམངས་ཁྲོད་དུ་སྔར་མི་རྒན་རབས་རྣམ་པས་ཟེར་སྲོལ་ལ་རི་མཐོན་པོའི་རྩེ་དང་རྒྱབ་རི་ལ་ཁ་སོགས་ལ་རྡོ་རྩིག་ཐོ་ཐོ་མང་པོ་འདུག་པ་དེ་ཉག་རྩེ་བྱ་བྲལ་ཞེས་པའི་བླ་མ་ཞིག་གིས་གཞི་བདག་བཀའ་གདམ་འོག་ཏུ་བཙུད་ནས་དམ་རྟགས་རྡོ་རྩིག་ཐོ་ཐོ་དེ་འདྲ་བཞག་པ་རེད་ཟེར་སྲོལ་འདུག་དེའི་མིང་ཅ་ཏིའམ་ཅ་ཧྲི་ཡང་ཟེར་དེ་ལ་གོ་བ་ཡོད་པའང་ཨེ་ཡིན་སྙམ།
_____ལྷ་སྲས་རིག་སད་ནས།
མཁས་དབང་མཁར་རྨེའུ་བསམ་གཏན་སོགས་ཞང་བོད་རིག་པའི་མཁས་པ་རྣམས་ཀྱིས་ཅ་ཏི། ཅ་ཏ། ཅ་ཏ་རི། འདི་ཚོ་བོན་གཞུང་གི་དཔེ་ཁུངས་རྣམས་སུ་ཞང་སྐད་ཡིན་པར་བཤད། དེའང་གོང་དུ་དགེ་བཛྲ་གུ་རུ་ལགས་ཀྱིས་གསུངས་པ་ལྟར་འདི་ཚོའི་དོན་ནི་རིན་པོ་ཆེ་ལས་བཟོས་པའི་ཁྲི་དང་མཆོད་ཁྲི་ཆེ་ཆུང་ཅི་རིགས་ལ་གོ་བར་བཤད་འདུག དེ་དང་མཚུངས་པར་གོང་དུ་ལྷ་སྲས་རིགས་སད་ཀྱིས་གསུངས་པ་ལྟར། ཁམས་ཁུལ་གྱི་ལུང་པ་འགར་རྒྱབ་རི་ཡུལ་ས་དང་གནས་རི་གལ་ཆེན་རྣམས་ཀྱི་གོང་ངམ་རི་རྩེར་ལབ་རྩེ་འདྲ་བའི་རྡོ་ཁྲི་རྩིག་སྲོལ་ཡོད་པ་དེར་ཅ་ཏིའམ་ཅ་ཧྲི་ཞེས་འབོད། དེ་ནི་ཡུལ་མི་ཚོས་ཕ་མེས་ཀྱི་སྐད་དེ་ད་ལྟའང་ཞང་སྐད་རང་དུ་འབོད་ཀྱིན་པ་ཡིན་ལ། དེའི་དབྱིབས་གཟུགས་ཀྱང་ཁྲི་ལྟ་བུར་རྩིག་སྲོལ་ཡོད། འགའ་ཞིག་གིས་རྡོ་རྩིག་དེ་དག་ཡུལ་ས་གཞི་བདག་རྣམས་དམ་འོག་བཞག་པའི་རྟགས་སུ་མཆོད་རྟེན་ཡིན་ཚུལ་བཤད་ཀྱང་། མཐའ་གཅིག་ཏུ་མ་ངེས་ཏེ་རྡོ་ཁྲི་དེ་ཚོའི་སྟེང་དུ་ཤིང་སྣ་འཛུག་པ་དང་དང་བསང་གསོལ་བྱེད་སྲོལ་ཡོད་སྟབས་དོན་དུ་མཆོད་ཁྲི་ཡིན་པར་དཔོགས་ཐུབ་སྙམ།
_____ཧི་མ་ལ་ཡའི་རྒྱལ་སྲས་ནས།