གསས་མཁར་མཆོག་ལྔ་རྩི་སྟངས་དེ་ལུང་གིས་ཟིན་ནམ།
རྩོམ་བྲིས་པ། རྩོམ་སྒྲིག་པ་དགེ་སྲིད་པའི་མིག དྲི་བ་གཏོང་མཁན། ཁམས་རིག་གྲོལ།
དྲི་བ། ནམ་རྒྱུན་ང་ཚོ་བོན་པོའི་སྤྱི་ཚོགས་ནང་ལ་གསས་མཁར་མཆོག་ལྔ་རྩི་སྟངས་དེ་སྐུ་དབལ་གསས། གསུང་ལྷ་རྒོད། ཐུགས་གཙོ་མཆོག ཡོན་ཏན་དབལ་ཆེན་གེ་ཁོད། འཕྲིན་ལས་འབྲུག་གསས་ཆེམ་པ་སྟེ་ཕུར་པ་སོགས་གསུང་འདུག་པ་དེ་དག་རང་གཞུང་གང་ལ་ཕུགས་བཅོལ་གིན་ཡོད་ན་མཁས་དབང་རྣམ་པས་གསལ་པོ་ཞིག་གསུང་རོགས་གནང་།
ལན། གོང་གི་བཀའ་འདྲི་དེའི་སྐོར་ཅུང་ཞིག་གླེང་ན། བོན་དཔེ་ཁུངས་དག་མ་ཏྲི་རིན་ཆེན་སྒྲོན་མ་ལས་དེའི་སྐོར་གསལ་པོ་གསུངས་ཡོད་ལ། ལུང་ཚིག་འདི་དག་ནི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་བཅས་ལ་སྦྱར་བའི་ཁྲོ་བོའི་ལྷ་ལྔ་དེ་ལུང་གིས་ཟིན་མིན་ལ་ཐེ་ཚོམ་སེལ་བའི་གཉེན་པོ་རུ་གྱུར་འདུག་སྟབས་འདིར་ཐུན་མོང་ལ་སྤྱན་བསྟར་ཞུས་ཡོད། དེའང་གོང་སྨྲས་ཀྱི་གཞུང་དེ་ཉིད་ལས། “གསང་རིགས་གཟུངས་སྔགས་བཞི་རུ་དབྱེ། །དེ་ལས་གྱེས་པ་འདི་ལྟར་ཏེ། །བུམ་པ་དཀྱིལ་འཁོར་ཕྱི་ཡི་རྒྱུད། །དུར་ཁྲོད་རོལ་པ་ནང་གི་རྒྱུད། །ཡོངས་རྫོགས་ཁྲོ་བོ་གསང་བའི་རྒྱུད། །སྒྲོལ་བྱེད་འཕྲིན་ལས་ཕུར་པའི་རྒྱུད། །གཙོ་དམར་འཁྱིལ་བ་ཡོན་ཏན་རྒྱུད། །དབལ་གསས་རྔམ་པ་སྐུ་ཡི་རྒྱུད། །ལྷ་རྒོད་ཐོག་པ་གསུང་གི་རྒྱུད། །མཁའ་འགྱིང་ཁྲོ་བོ་ཐུགས་ཀྱི་རྒྱུད། །ཡེ་ཤེས་དབལ་མོ་སྲོག་གི་རྒྱུད། །སྤུ་གྲི་འབར་བ་སྔགས་ཀྱི་རྒྱུད། །དྲ་བ་དམར་ནག་ལས་ཀྱི་རྒྱུད། །འཆི་མེད་གཡུང་དྲུང་ཚེ་ཡི་རྒྱུད། །དེ་དག་རྒྱུད་ཆེན་བཅུ་གཉིས་ལ། །རྒྱུད་སྡེ་བཞི་བཅུ་རྩ་ལྔར་ཕྱེ། །” ཞེས་སོགས་གསུངས་སོ། །