བོན་ལུགས་ལ་ས་ག་ཟླ་བ་འདི་གལ་ཆེན་ཡིན་ནམ།
རྩོམ་བྲིས་པ། འདི་གའི་རྩོམ་སྒྲིག་པ་དགེ་ཁྱུང་༔སྨོན་ལམ། དྲི་བ་གཏོང་མཁན། ཚ་བའི་འཕྲུལ་མདའ།
དྲི་བ། གཞན་ཆོས་རྒྱུད་རྣམ་ལ་ད་ལྟ་ཟླ་བ་བཞི་པ་འདི་ནི་ཡོངས་གྲགས་སུ་༼ས་ག་ཟླ་བ་༽ཞེས་འབོད་སྲོལ་འདུག སངས་རྒྱས་གཡུང་དྲུང་བོན་གྱི་ལུགས་ལ་ས་ག་ཟླ་བ་ཞེས་སངས་རྒྱས་འཁྲུངས་འདས་ཀྱི་དུས་ཆེན་བརྩི་བའི་ལུགས་སྲོལ་ཡོད་དམ།
ལན། བོན་ལུགས་བན་ལུགས་གང་ཡིན་ཡང་ཧོར་ཟླ་བཞི་པར་ས་ག་ཟླ་བ་ཞེས་འབོད་སྲོལ་གཅིག་གྱུར་ཡིན། དེ་ནི་ཟླ་བ་འདིའི་ཉ་སྐར་ས་ག་འཁེལ་བའི་རྒྱུ་མཚན་གྱིས་ཡིན། བོད་བརྒྱུད་ནང་བསྟན་པ་ཞེས་པའི་ཐ་སྙད་འདོགས་བཞིན་པའི་བན་དེ་རྣམས་ཀྱིས་ས་ག་ཟླ་བ་འདིའི་ནང་སྟོན་པ་བཅོམ་ལྡན་འདས་སྐུ་བལྟམས་པ་དང་། མངོན་པར་རྫོགས་པའི་སངས་རྒྱས་པ། མྱ་ངན་ལས་འདས་པ་བཅས་ཀྱི་དུས་ཆེན་སུམ་འཛོམས་ལ་ཁས་འཆེ་བའི་རྒྱུ་མཚན་གྱིས་དགེ་སྒྲུབ་སྡིག་སྤངས་ཤུགས་ཆེ་དགོས་པར་ངོས་འཛིན་གྱི་ཡོད་པ་རེད། གཞན་གནས་བརྟན་སྡེ་པ་ཟེར་བ་སོགས་བོད་ཕྱི་ལོགས་ལ་གནས་པའི་བན་དེའམ་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འཇུག་པ་རྣམས་དང་དུས་འཁོར་ལུགས་ཀྱི་བཞེད་ཚུལ་སོགས་ལས་གོང་གསལ་གྱི་དུས་ཆེན་སུམ་འཛོམས་དེ་ནག་པ་ཟླ་བར་བརྩི་སྲོལ་ཡོད་པ་ལྟར། ཉེ་ཆར་ཧོར་ཟླ་ ༣ པའི་ཚེས་ ༡༥ ཉིན་རྒྱ་གར་དབུས་དང་ས་གནས་གཞུང་འགས་དུས་ཆེན་བརྩི་སྲུང་ཞུས་པ་དང་། རྒྱ་གར་བྱང་ཕྱོགས་བཀའ་བརྒྱུད་དཔལ་སྤུངས་ཤེས་རབ་གླིང་དང་། སིམ་ལ་ཇོ་ནང་དགོན་པ་བཅས་སུ་བརྩི་སྲུང་ཞུས་ཟིན་སོང་། མདོར་དོན་ཧོར་ཟླ་བཞི་པར་ས་ག་ཟླ་བར་ངོས་འཛིན་བྱས་མ་བྱས་ཀྱི་ཁྱད་པར་མིན་པར་ཟླ་བ་དེར་གོང་གསལ་གྱི་དུས་ཚིགས་ཁག་ལ་ངོས་འཛིན་བྱས་མ་བྱས་ཀྱི་ཁྱད་པར་ཡིན་པར་ཤེས་དགོས། གང་ལྟར་ང་ཚོ་བོན་ལུགས་ལ་ས་ག་ཟླ་བའི་ནང་སྟོན་པ་གཤེན་རབ་ཀྱི་འཁྲུངས་འདས་གང་ཡང་བརྩི་སྲོལ་མེད་ལ། གཞན་ཤཱཀ་ཐུབ་ཀྱི་འཁྲུངས་ཟླའི་ཆེད་བོན་པོའི་སྤྱི་ཚོགས་ནང་དམིགས་བསལ་གལ་ཆེར་བརྩི་སྲོལ་གང་ཡང་མེད། །