གསང་བ། གསང་ཆེན། གསང་མཆོག མཐར་ཐུག བཅས་ཀྱི་གོ་དོན་གང་ཡིན།
རྩོམ་བྲིས་པ། གར་ཚ་དགེ་བཤེས་གཡུང་དྲུང་རྒྱལ་མཚན། དྲི་བ་གཏོང་མཁན། ཨར་ལྟ་བླ་མ།
དྲི་བ། མ་རྒྱུད་ལས་གསང་བ་དང་གསང་ཆེན་གཉིས་ཀྱི་ཁྱད་པར་དང་འགྲེལ་བཤད་ཁ་གསལ་ཞིག་གསུང་རོགས།
ལན། གཞི་ཡེ་སངས་རྒྱས་པའི་རྒྱུད་ལས།
”བསྡུས་པ་ཆེ་ལྔ་ཡང་བསྡུས་མཆོག་ལྔ་ཡང། །
གཞན་ལ་ཕུགས་སྨོས་སྒོ་མཐོང་ཐབས་ཤེས་བྲལ། །
འདི་ཉིད་གཞི་ཆེ་ལམ་ཟབ་འབྲས་བུ་མྱུར། །”
ཞེས་པའི་སྐབས་ནས་བསྟན་པའི་ལུང་དེས་དང་པོ་ ‘གསང་བ་’ ཞེས་པའི་དོན་བསྟན་ཏེ།
བོན་ཉིད་ཐིག་ལེ་འགྲེལ་ལས། གསས་མཁར་ཆེན་པོའི་ནང་ནས་ཀྱང་ཐེག་པའི་དང་མ་འདི་ཉིད་ཡིན་ཏེ། ཁྲོ་མཆོག་ཕུར་པ་ཨ་དཀར་ལ་ཕུགས་སྨོས་པ་ཙམ་དང། གཙོ་མཆོག་ཁྲོ་བོ་ཨ་དཀར་གྱི་སྒོ་མཐོང་བ་ཙམ། ཆེ་མཆོག་དབལ་གསས་ཨ་དཀར་ལ་དོན་ཞུགས་ཙམ། གསང་བ་དབྱིངས་རོལ་ཨ་དཀར་དངོས་ཡིན་ཀྱང་འབྲས་བུ་སྟོན་ལམ་མ་ཟབ་པ་དང་། གསང་མཆོག་མཐར་ཐུགས་གསང་སྔགས་ལ་དགོངས་པ་འདི་ཉིད་གཞི་ཡེ་ཤེས་སུ་སྟོན་པས་རང་བཞིན་ཡེ་སངས་རྒྱས། ཞེས་པ་ནས། གཞི་ལམ་འབྲས་གསུམ་ཀ་བྱར་མེད་ཀྱི་དབྱེར་མེད་ལྷ་གཅིག་གི་ངང་ལ་རྫོགས་པས། ཞེས་པ་རྣམས་ཀྱིས་དང་པོ་གསང་བ་ཡིན་པའི་དོན་བསྟན་འདུག་ལགས།
ཡང་། ” གསང་ཆེན་གསང་བ་དགུ་ལས་གསང་བས་ཆེ། །
རང་བཞིན་ལས་དང་ཐབས་ཤེས་མཁའ་འགྲོ་དང་། །
ནུས་སྟོབས་མཐུ་དང་དབྱིངས་ཀྱི་གསང་བའོ། །”
ཞེས་གསུང་པའི་སྐབས་ནས་བསྟན་པའི་ལུང་དེས། གཉིས་པ་ ‘གསང་ཆེན་’གྱི་དོན་བསྟན་དེ་། འགྲེལ་ལས། གསང་ཆེན་ཞེས་བྱ་བ་རང་འབྱུང་ཡེ་ཤེས་དེ། གསང་ཆེན་པོ་དགུས་གསང་བ་ཡིན་ཏེ། རང་བཞིན་གྱིས་གསང་བས་ཕྱི་རོལ་པས་མི་མཐོང་། ལས་ཀྱིས་གསང་བས་སེམས་ཅན་ཉོན་མོངས་པས་མི་མཐོང་། ཐབས་ཀྱིས་གསང་བས་གྲུབ་མཐའ་གཞན་པས་མི་མཐོང་། ཤེས་རབ་ཀྱིས་གསང་བས་ཐེག་པ་དམན་པས་མི་མཐོང་། མཁའ་འགྲོའི་རྩལ་གྱིས་གསང་བས་སྐལ་མེད་ལ་མི་འཕྲད། གསང་སྔགས་ཀྱི་ནུས་པས་གསང་བས་བདུད་དང་སྲིན་པོས་མི་ཚུགས། ཡེ་ཤེས་སྟོབས་ཀྱིས་གསང་བས་ཉོན་མོངས་པས་བར་མི་ཆོད། ཐུགས་རྗེའི་མཐུ་ཡིས་གསང་བས་ཞུགས་པ་སྨིན་གྲོལ་དུ་ངེས། ཨ་དཀར་དབྱིངས་ཀྱིས་གསང་བས་བོན་གཞན་རྣམས་ཕྱི་ཤར་གྱུར། དེ་ལྟར་གསང་བ་ཆེན་པོ་དགུས་གསང་བས་ན་གསང་ཆེན་ཞེས་བྱའོ།། གསུངས་དེས་གསང་ཆེན་ཡིན་པའི་དོན་བསྟན་འདུག་ལགས། །
ཡང་། ”གསང་མཆོག་གསང་བའི་བོན་སྡེ་དགུ་ལས་འཕགས། །” ཞེས་པ་ནས།
” ཉེས་སྒྲིབ་དེ་ལས་གྲོལ་བའི་གསང་མཆོག་ཡིན། །”
ཞེས་པའི་བར་གྱི་ལུང་དེས་ ‘གསང་མཆོག་’ ཅེས་པའི་དོན་བསྟན་དེ། འགྲེལ་ལས། གསང་མཆོག་ཞེས་བྱ་བ་གསང་བོན་སྡེ་དགུ་ལས་མཆོག་དུ་གྱུར་པའོ།། དེ་གང་ཞེ་ན་རིགས་སྔགས་ཞང་ཞུང་བདུད་འདུལ་གྱི་བོན་ཐམས་ཅད་ནི། ཞེས་པ་ནས་། འདི་ནི་འབྲས་བུ་ལམ་གྱི་ཙེར་བཟུང་བྱས་པས་གསང་དེའི་མཆོག་གོ་ཞེས་པའི་བར་གྱིས་གསང་མཆོག་ཡིན་པའི་དོན་གསལ་པོར་བསྟན་ཡོད་ལགས།
” མཐར་ཐུག་མཐའ་བརྒྱད་བྲལ་བ་འདི་ལ་ཐུག། །” ཞེས་པ་ནས།
” འདི་ལ་ཐུག་ནས་འདྲེན་པ་ཟད་སར་སྐྱོལ། །”
ཞེས་པའི་བར་གྱི་ལུང་དེས་ ‘མཐར་ཐུག་’ གི་དོན་བསྟན། འགྲེལ་ལས། མཐར་ཐུག་ཅེས་བྱ་བ་རང་གཞན་གྲུབ་མཐའ་དགུ་ལས་ཡར་འཕགས་ཤིང་དེ་ལས་དབུལ་ས་མ་སྙེད་པས་མཐར་ཐུག་པའོ།། ཞེས་པ་ནས། བོན་ལ་མཐར་ཐུག་པ་གསང་སྔགས་མ་རྒྱུད། ཅེས་པའི་བར་དེས་མཐར་ཐུག་ཡིན་པའི་དོན་གསལ་པོར་བསྟན་ཡོད་པ་བཅས་དེ་ལྟར་གསང་བ། གསང་ཆེན། གསང་མཆོག མཐར་ཐུག བཅས་ཀྱི་གོ་དོན་རོབ་ཙམ་མཁྱེན་འདོད་ཡོད་པ་རྣམས་ཀྱི་དོན་དུ་ཕུལ་ལོ།། །།