གཤེན་རབ་གཉའ་ཁྲིའི་གོང་དུ་བྱོན་པ་བན་དེའི་དཔེ་ཆར་གསལ།
ལག་བསྟར་བ། དོ་དམ་པ། · ཟླ་བཅུ་གཉིས་པ། 29, 2017
མཛད་པ་པོ། མཐའ་ཞུ་འོད་ཟེར་མཐའ་རྒྱས་རིན་པོ་ཆེ།
དེ་ཡང་སྟོན་པ་གཤེན་རབ་མི་བོ་མཆོག་ནི། བོད་རྒྱལ་གཉའ་ཁྲིའི་གོང་ནས་བྱུང་ཡོད་ལ། དེས་བསྟན་པའི་གཡུང་དྲུང་བོན་ལ། སྒོ་བཞི་མཛོད་ལྔ་དང་། ཐེག་པ་རིམ་དགུ་སོགས་ཡོད་ཅིང་། ཐེག་པ་རེ་རེ་ལ་སོ་སོའི་ལྟ་སྒོམ་སྤྱོད་འབྲས། དམ་ཚིག་སོགས་ཡོད་པ་མ་ཟད། འབྲས་བུའི་ཐེག་པའམ། ཐེག་ཆེན་མདོ་སྔགས་སེམས་གསུམ་ཐེག་པ་རེ་རེ་ལ། གཞི་ལྟ་བ་གཏན་ལ་ཕབ་ལུགས། ས་བཅུ་ལམ་ལྔ་བགྲོད་ཚུལ། འབྲས་བུ་རྣམ་མཁྱེན་གོ་འཕངས་ཐོབ་ལུགས་སོགས། གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཆ་ཚང་པར་བཞུགས་ཡོད་པ་ཙམ་མ་ཟད། བོན་སྒོར་ཞུགས་པས་གང་ཟག་མང་པོ་ཞིག ཚེ་གཅིག་ལུས་གཅིག་ལ། འབྲས་བུ་རྣམ་མཁྱེན་གྱི་གོ་འཕང་མངོན་དུ་བྱས་ཏེ། འཇའ་ལུས་འོད་སྐུར་གྲོལ་བ་ཡིན་ཏེ།
དཔེར་ན། ནམ་མཁའ་སྣང་བ་མདོག་ཅན་དང་། རྒྱལ་གཤེན་མི་ལུས་བསམ་ལེགས་ཡན། སྟོད་ཀྱི་བླ་མ་ཆེ་དྲུག་དང་། ཞང་བོད་ས་ཐོག་ནས། འཇའ་ལུས་འོད་སྐུར་གྲོལ་བ། གང་ཟག་འཕོ་ཆེན་ཉེར་དྲུག གཞན་ཡང་བོད་རྒྱལ་མི་ཁྲི་བཙན་པོ་མན། བར་གྱི་གདུང་རྒྱུད་བཅུ་གསུམ། རིག་འཛིན་སྟོང་རྒྱུང་མཐུ་ཆེན་སོགས། སྨད་ཀྱི་མཁས་པ་མི་བཞི། གྲུབ་ཐོབ་མཐུ་ཆེན་མི་དགུ་བོན་གཤེན་མཁས་པ་ཉི་ཤུ། རིག་འཛིན་ལོ་པན་གཤེན་བརྒྱད་སོགས། དུས་རབས་བདུན་པའི་ཡར་སྔོན་ནས། གཡུང་དྲུང་བོན་མདོ་སྔགས་སེམས་གསུམ་གྱི་སྒོ་ནས། གཞི་ལྟ་བ་གཏན་ལ་ཕབ། ལམ་སྒོམ་པ་ཉམས་སུ་བླངས། འབྲས་བུ་སྐུ་གཉིས་གོ་འཕང་བརྙེས་པ་ཤ་རྟགས་ལགས་སོ། །
དེ་ཡང་བོན་གཞུང་ལ་བལྟ་ཀློག་དང་། བརྟགས་དཔྱད་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་མཛོད་དང་། གཡུང་དྲུང་བོན་ལ་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཡོད་མེད་རྟོགས་ངེས་ལ། མ་ཚད་གཡུང་དྲུང་བོན་གྱི་གཞུང་ལུགས་ལས། དམར་མཆོད་བསྟན་མིན་ཡང་ཤེས་ངེས་རེད། འདིར་བོད་རྒྱལ་གཉའ་ཁྲིའི་ཡར་སྔོན་དུ། སྟོན་པ་གཤེན་རབ་བྱོན་པ་དང་། དེས་ཐར་པ་དང་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕངས་སྒྲུབ་བྱེད། གཤེན་བསྟན་གཡུང་དྲུང་བོན་བསྟན་ཚུལ། གཡུང་དྲུང་བོན་གྱི་གཞུང་ལུགས་གང་དེར། ཐེག་པ་རིམ་དགུ་སྒོ་བཞི་མཛོད་ལྔ། ཕྱི་ནང་གསང་གསུམ་བཅས་དབྱེ་བ་ཡོད་ཚུལ་དང་། བན་དྷེའི་ཆོས་ཀྱི་ཕུགས་གཡུང་དྲུང་བོན་ལ་ཐུག་ཚུལ། འཚེ་བ་ཅན་གདོད་མའི་བོན་དང་། མི་འཚེ་བ་གཡུང་དྲུང་བོན་བཅས་གཉིས་སུ་ཡོད་ཚུལ། དེ་དག་ལས་བོན་ཕྱི་པ་ཟེར་བ་དང་། ནང་པ་ཟེར་བ་གཉིས་སུ་ཕྱེས་པ་དང་། བོན་ཕྱི་པ་ཁྲི་སྲོང་གི་སྐབས་སུ་བསྣུབ་པ་དང་། བོན་ནང་པ་མ་བསྣུབས་པར། གཏེར་ལ་སྦས་ཚུལ་དང་། བོན་ནང་པར་ཐེག་པ་རིམ་དགུ་ཡོད་ཚུལ་སོགས། ཐུབ་བསྟན་རིང་ལུགས་འཛིན་པས། བླ་མ་དང་གཏེར་སྟོན་མཁས་དབང་སོགས་ཀྱིས་མཛད་པའི་ལོ་རྒྱུས་དང་། གཏེར་ཆོས་སོགས། བན་དྷེའི་གཞུང་ལས་བྱུང་བའི་ལུང་འགའ་ཤས་ད་ལན་འདིར་ཞུ་བར་འདོད།
དེའང་སྤྱིར་བོན་གཏེར་ནས་ཐོན་དུས་ཐོག་མ་ནི་ཕྱི་ལོ་ ༩༡༣ ལོར་བན་དེ་མི་གསུམ་གྱི་བསམ་ཡས་ནས་ཐོན་ཀྱང་། ཕྱི་དར་གྱི་ཐོག་མ་ནི། གཏེར་སྟོན་གཤེན་ཆེན་ཀླུ་དགས་གཏེར་ཐོན་ནས་བརྩི་བ་ཡིན། གཤེན་ཀླུ་དགས་བོན་གཏེར་ཐོག་མར་ཐོན་དུས་ནི། ཕྱི་ལོ་ ༡༠༡༧ ལོར་ཡིན་ལ། ལོ་ཁ་ཤས་གསང་བ་བྱས་ཏེ་གཞི་ནས་དར་བ་ཡིན་ཞིང་། དེ་དང་ཕལ་ཆེར་དུས་རགས་པ་མཉམ་པའི་ཆོས་པའི་ལོ་རྒྱུས་ ༡༠༤༨ ལོར་གཏེར་ནས་ཐོན་པར་གྲགས་པའི་བཀའ་ཆེམ་བཀའ་ཁོལ་མ་དང་། ལྡེའུ་ཆོས་འབྱུང་། དབའ་བཞེད། ཉང་ཆོས་འབྱུང་། སོགས་ལས་སྟོན་པ་གཤེན་རབ་མ་མཐར་གཉའ་ཁྲིའི་གོང་ནས་བྱོན་པར་བསྟན་ལ། བོད་དུ་བོན་ཡང་གཉའ་ཁྲིའི་དུས་དང་། གྲི་གུམ་དུས། སྤུ་ལྡེའི་དུས་བཅས་སུ་དར་བར་བཤད་ཡོད་ལ། ད་དུང་བོན་དཔེ་ཡོད་པ་དང་། གཤེན་བསྟན་འཛིན་མཁན་བོན་གཤེན་བཞུགས་ཡོད་པ། ཁྲི་བདུན་འཇའ་ལུས་སུ་གཤེགས་པ། གྲི་གུམ་དང་ཁྲི་སྲོང་སྐབས་བོན་ནུབ་པ། བོན་དཔེ་ཆུ་ལ་བསྐུར། ས་འོག་ཏུ་གནོན་པ་བཅས་བྱས་ཚུལ། ལོ་རྒྱུས་དང་ཆོས་འབྱུང་བཀའ་ཐང་ཁག་ལས་མང་ཞིང་དག་པ་ཞིག་གསལ་ཡོད་པ་རེད།
དེ་དག་གི་གྲལ་ནས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་ ༢༠༡༥ ལོའི་དཔར་མ། སྲོང་བཙན་སྒམ་པོས་མཛད་པ་དང་། ཇོ་བོ་རྗེ་ཨ་ཏི་ཤས་ཕྱི་ལོ་ ༡༠༤༨ ལོར་ལྷ་ལྡན་གཙུག་ལག་ཁང་ནས་གཏེར་དུ་བཞེས་པར་གྲགས་པའི་བཀའ་ཆེམས་བཀའ་ཁོལ་མ་ལས། ལྷ་སའི་གཙུག་ལག་ཁང་གི་ཀ་བར། གཡུང་དྲུང་བོན་གྱི་རྒྱུད་རིས་བྲིས་ཤིག་ཅེས་འཁོད་ཡོད་ལ། འདིའི་སྐབས་དེར་གཡུང་དྲུང་བོན་གྱི་རྒྱུད་སྡེ་ཡོད་པ་གསལ་བཤད་བྱེད་པ་ཡིན་ལ། ཤག་ཐུབ་མ་བྱོན་གོང་ནས་ནུབ་ཕྱོགས་ཞང་ཞུང་གི་ཡུལ་དུ་སྟོན་པ་གཤེན་རབས་མི་བོར་སྐུ་སྤྲུལ་ནས། འཁོར་གཡུང་དྲུང་སེམས་དཔའ་སེམས་ཅན་རྣམས་ཀྱིས་བསྐོར་བ་བྱོན་སོགས་གསལ་ཡོད་པ་དེའི་སྟོན་པ་གཤེན་རབ་ག་དུས་བྱོན་པ་གསལ་བཤད་བྱེད་པ་ཡིན་ལ། གཡུང་གི་བོན་གཏེར་དུ་སྦོས་ཤིག་ཅེས་གསལ་ཡོད་དེའི། སྐབས་དེར་གཡུང་དྲུང་བོན་གྱི་དཔེ་ཆ་ཡོད་པ་གསལ་བཤད་བྱེད་པ་ཡིན།
དེ་ཡང་བཀའ་ཆེམས་བཀའ་ཁོལ་མ་ལས། ” བསླབ་པ་གསུམ་ལ་སློབ་སླ་བའི་ཕྱིར། དགོངས་ནས་ནད་གསོས་པ་བས། ཕན་ཆེ་བ་བསླབ་པ་གསུམ་གྱི་འབྲས་བུ་བསྟན་ནས། བོན་ཤ་བ་ནམ་མཁའ་ལ་འགྲོ་བ་ཡང་། ཀ་བ་ཤིང་ལོ་ཅན་གྱི་ནང་ལོགས་སུ་གཡུང་དྲུང་བོན་གྱི་རྒྱུད་རིས་སུ་བྲིས། བོན་ཡ་འདམ་པའི་ཤ་བ་སྐད་འདོན་པ་དང་། འདབ་ཆགས་མཁའ་ལ་འཕུར་བ་དང་། རྟ་པ་བང་རྒྱུག་པ་དང་། བོན་གྱི་རྫུ་འཕྲུལ་དེ་རྣམས་ཀྱིས། བསླབ་པ་གསུམ་ལ་བཀོད་དུ་བཏུབ་པ་ཡིན་ནོ། བསླབ་པ་གསུམ་ནི། སངས་རྒྱས་དཀོན་མཆོག་ལ་བསླབ་པ། ཆོས་དཀོན་མཆོག་ལ་བསླབ་པ། དགེ་འདུན་དཀོན་མཆོག་ལ་བསླབ་པ་དང་གསུམ་ཡིན་ནོ། དེས་ན་བོན་སྟོན་པ་གཤེན་རབས་མི་བོ་ཆེ་དེ་ཡང་། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་ནོ། དེའི་ཅིའི་ཕྱིར་ཞེ་ན། སྔོན་བསྐལ་པ་ཚེ་ལོ་ཉི་ཁྲི་ཐུབ་པའི་དུས་སུ། སངས་རྒྱས་འོད་སྲུང་ཀྱི་བསྟན་པ་ཤར་ནས་གནས་ཏེ་ནུབ་པའི་ཤུལ་དུ། ཤྰཀྱ་ཐུབ་པའི་བསྟན་པ་མ་ཤར་བའི་བར་སྐབས་དེར། ཆོས་ཀྱི་བསྟན་པ་གང་ཡང་མེད་པར། སེམས་ཅན་ཉོང་མོངས་ཤིང་སྡུག་བསྔལ་བ་ལ། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་གཟིགས་དབང་ཕྱུག་དེའི་ཐུགས་རྗེས། ནུབ་ཕྱོགས་ཞང་ཞུང་གི་ཡུལ་དུ། སྟོན་པ་གཤེན་རབས་མི་བོར་སྐུ་སྤྲུལ་ནས། འཁོར་གཡུང་དྲུང་སེམས་དཔའ་སེམས་ཅན་རྣམས་ཀྱིས་བསྐོར་ནས། འཛམ་བུའི་གླིང་པའི་སེམས་ཅན་རྣམས་ལ་ཕན་པ་ཡུན་རིང་དུ་བཏགས་པས། དེས་ན་གང་ལ་གང་འདུལ་དེ་ལ་དེ་སྟོན་པ། བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་བྱུང་ངོ་། ། ” ཞེས་པ་དེའི་སྐབས་དེ་དུས་བོན་གྱི་རྫུ་འཕྲུལ་ལས། བསླབ་པ་གསུམ་མམ་དཀོན་གཆོག་གསུམ་གྱི་སྐྱབས་འོག་ཏུ་བཀོད་པ་གསལ་བར་བསྟན་འདུག་དྲན།
ཡང་དེ་ལས། ” ལྷོ་བྲག་འཁོན་མཐིང་ལྷ་ཁང་དུ། གཡུང་དྲུང་བོན་གྱི་གཏེར་སྦོས་ཤིག དེས་ཕྱིས་ཀྱི་སྐྱེ་བོ་འཇིག་རྟེན་པ་ལ་ཕན་པ་རྒྱ་ཆེན་པོ་ཡོང་བ་ཡིན། ” ཞེས་པ་དེའི་སྐབས་དེར་གཡུང་དྲུང་བོན་གྱི་བཀའ་དཔེ་ཆ་ཡོད་པ་གསལ་པོར་བསྟན་འདུག་དྲན་ནོ། །ཡང་དེ་ལས། ” དེའི་སྲས་གུང་ཁྲི་བཙན་པོ་དང་བདུན་པོ་དེ་ལ། སྤྱི་བོ་ན། ལྷའི་སྨུ་ཐག་བྱ་བའི་འོད་ཟེར་དཀར་པོ་ཅིག་ཡོད་དེ། ཁོང་བདུན་པོ་མྱ་ངན་ལས་འདས་ཏེ། ལྷ་ཡུལ་དུ་གཤེགས་པའི་དུས་ན། ཞབས་ནས་འོད་ཀྱིས་ཡར་ལ་འདུས་ནས། འོད་གནམ་དུ་ཡལ་ནས་རོ་མི་ཡོད་པ་ཡིན་ནོ། ཁྲི་བདུན་པོའི་བང་སོ་གནམ་དུ་བཏབ་ཟེར་རོ། ། ” ཞེས་པ་འདིའི་རྒྱལ་པོ་དེ་ཚོས། གཡུང་དྲུང་བོན་ཉམས་སུ་བླངས་ནས་འཇའ་ལུས་སུ་གཤེགས་པ་གསལ་བཤད་བྱས་འདུག་དྲན།
ཡང་ལྡེའུ་(དུས་རབས་བཅུ་གཉིས་ནང་བྱོན།)ཆོས་འབྱུང་ལས་ཀྱང་གྲི་གུམ་སྐབས་སུ། ཡི་གེ་དང་བོན་འབྱུང་བ་དང་། ཤ་མཆོད་ཁྲག་མཆོད་མ་ཡིན་པར། ཆང་ཕུད་མཆོད་པར་བསྟན་འདུག་སྟེ། དེ་ཡང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་དཔར་མ་ལྡེའུ་ཆོས་འབྱུང་ཤོག་ངོས་ ༡༦༠ ལས། (རྒྱལ་པོ་གྲི་གུམ་བཙན་པོ།) ” དེའི་སྐུ་རིང་ལ། ཆོས་ལུགས་ནི་ཁ་ཆེ་བྱེ་བྲག་གི་ཡུལ་གུར་རྣམ་པར་བྱ་བ་ན། མུ་སྟེགས་རྒྱང་འཕེན་པའི་རྗེའོ་ཞེས་ཀྱང་བྱ་སྟེ། ཡི་གེ་དང་བོན་འབྱུང་། ཕུར་ལྷ་མཆོད། མདར་སྲི་གནོན། སྨྲལ་པོ་ཤིང་ལ་ར་ལྤགས་ཀྱི་རྔ་གཡོག་བྱས་ནས། ཡམ་བདུད་ལ་གླུད་འབུལ། མ་བདུད་ལ་ཡོགས་བདར། བཙན་ཁ་བཞི་དང་མགྱོགས་སྡེ་བརྒྱད་ལ། ཡས་སྟག་དང་ཆང་ཕུད་མཆོད། བཙན་ཁྱུག་དང་མཐུ་སྟོངས་ཙམ་སྒྲུབ་བོ། ། ” ཞེས་བྱུང་ལ།
ད་དུང་ཡང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་ ༢༠༡༠ ལོའི་དཔར་མ། དབའ་བཞེད་ནང་གི་རྦ་བཞེད་ཤོག་ངོས། ༢༨༢ ལས། ” ཡང་ཁྲི་སེ་བཙན་པོའི་ཚེ་བོད་ཀྱི་ཡི་གེ་བྱུང་བ་དང་། གྲི་གུམ་བཙན་པོའི་ཚེ་སྟོད་ལ་བོན་པོ་རྫུ་འཕྲུལ་ཅན་གྱིས་བོན་གྱི་དཔེ་ཆ་སྤེལ་བ་དང་། ཚེ་སྨད་ལ་འགའ་ཁྱིམ་ཚ་(མེ་སྟག་ལྕེ་ཚ། )ལ་སོགས་པས་དེ་དག་གཏེར་དུ་སྦས་པ་དང་། གནམ་རི་སྲོང་བཙན་གྱི་ཚེ་བོད་ཀྱི་ཡི་གེ་བྱུང་བ་དང་། རྩིས་བསྒྱུར་བར་འཆད་པར་ཡོད་མོད་ཀྱི། ” ཞེས་པ་དེས་གྲི་གུམ་གོང་གི་ཁྲི་སེ་བཙན་པོའི་རིང་བོད་ཀྱི་ཡི་གེ་བྱུང་བའི་བཤད་སྲོལ་གཅིག་དང་། གྲི་གུམ་བཙན་པོའི་ཚེ་སྟོད་ལ་བོན་པོ་རྫུ་འཕྲུལ་ཅན་གྱི་བོན་གྱི་དཔེ་ཆ་སྤེལ་ཚུལ་དང་། ཚེ་སྨད་ལ་བོན་གཤེན་གྱིམ་ཚ་དང་། མེ་ཉམ་ལྕེ་ཚ་ལས་སོགས་པས་བོན་དཔེ་དེ་དག་གཏེར་དུ་སྦས་ཚུལ་དང་། ཡང་གནམ་རི་སྲོང་བཙན་སྐབས་སུ། བོད་ཀྱི་ཡི་གེ་བྱུང་བའི་བཤད་སྲོལ་གཅིག་བཅས། དེས་སྔོན་དུ་བོད་ལ་ཡི་གེ་བོན་བྱུང་བ་བཤད་སྲོལ་མང་དུ་ཡོད་པ་བསྟན་འདུག་དྲན།
ད་དུང་ཉང་རལ་(༡༡༢༤ ལོར་འཁྲུངས།)ཆོས་འབྱུང་ལས། གནམ་གྱི་ཁྲི་བདུན་འཇའ་ལུས་སུ་གཤེགས་ཚུལ་དང་། ཅོ་ན་གཤེན་སོགས་གཤེན་གྱི་མཚན་བྱུང་བ་དེས་གཤེན་རབ་དེའི་གོང་ནས་བྱོན་པ་གསལ་བཤད་བྱས་ལ། ཞང་ཞུང་གི་གཤེན་བོན་ཀུན་འདུས་ཐེག་ཆེན་ཅེས་པ་དེས་སྐབས་དེར་ཐེག་ཆེན་གྱི་བོན་ཡོད་པའི་གསལ་བཤད་བྱས་འདུག་དྲན།
བོན་པོ་གཡུང་དྲུང་རྒྱལ་རྒྱལ་པོ་ཞེས་པ་དེས་སྐབས་དེ་དུས་གཡུང་དྲུང་བོན་ཞེས་པ་ཡོད་པའི་གསལ་བཤད་བྱས་འདུག་དྲན།
མུ་སྟེགས་ཉི་ཚེ་བའི་སྟོན་པ་སྟོང་པ་དོན་དམ་དུ་འདོད་པ་དང་ལྟ་བ་མཐུན་པ་གཅིག་བྱུང་ཅེས་པ་དེས་རྫོགས་ཆེན་གྱི་གནས་ལུགས་སྟོང་པ་ཉིད་ཀྱི་དོན་སྒོམ་དུ་ཡོད་པ་དེ་གསལ་བཤད་བྱས་འདུག་དྲན་ལ།
མུ་སྟེགས་དང་ལྟ་བ་མཐུན་པ་ཟེར་བས་སྤྱིར་རྫོགས་པ་ཆེན་པོ་ཉམས་སུ་ལེན་མཁན་ཞིག་ཡིན་ན། མུ་སྟེགས་ཀྱི་འདོད་པའི་སྟོང་པ་དང་། རྫོགས་ཆེན་གྱི་གནས་ལུགས་སྟོང་པ་ཉིད་རྩ་བ་ནས། འདྲ་ཐབས་མེད་པ་ཤེས་མོད། རྫོགས་ཆེན་གྱི་གནས་ལུགས་ལ་གོ་བ་མ་ཆགས་པ་དག་གི་སྟོང་པ་ཉིད་ཡིན་ཟེར་ཚད་སྟོང་ལྟ་དང་འདྲ་བར་མཐོང་སྲིད་པའི་ཕྱིར་ན་དེ་དག་གཅིག་པར་མཐོང་བའི་ནོར་འདུག་དྲན།
སྔ་རྟགས་དང་ཕྱི་རྟགས་དང་ད་ལྟ་ཇི་ལྟར་ཡིན་པ་རྣམས། ཐོལ་ཐོལ་སྨྲ་ཤེས་པ་ཞེས་པ་འདིས་སྐྱེ་བ་སྔ་ཕྱི་འདས་མ་འོང་སོགས་སྐབས་དེར་བཤད་རྒྱུ་ཡོད་པ་གསལ་བཤད་བྱས་འདུག་དྲན།
ཤིང་དང་རུས་པ་ལ། སྔོན་དམར་གྱི་རི་མོ་བྲིས། གཟུགས་བརྙན་ནི། ཁམ་ས་ལ་བྱེད་ཅེས་པ་འདིས་སྲིད་པ་སྤྱི་སྐོང་སྣང་སྲིད་སྤྱི་མདོས་ལས་བསྟན་པ་ལྟར། སེམས་ཅན་དངོས་ཀྱི་ཚབ་ཏུ་ཤིང་དང་རུས་པ་ལ་རི་མོ་འབྲི་བའམ། ཟན་དང་ཁམ་ས་ལ། སེམས་ཅན་རི་དགས་གཡུང་དགས་ཀྱི་་གཟུགས་བཅས་ཏེ། ཡར་ལྷ་གསོལ་བ་དང་མར་འདྲེ་ལ་གླུད་གཏོང་བ་སོགས་བྱེད་པ་གསལ་བཤད་བྱས་འདུག་དྲན།
ཤུག་ཤང་དང་སྲིབ་ཤང་དང་། གསེར་སྐྱེམ་གྱི་མཆོད་ཅེས་པ་འདིས་སྐབས་འདིར་སྔོན་མ་ལྷ་འདྲེ་ལ་ཤ་ཁྲག་དམར་གྱི་མཆོད་པའི་ཚབ་ལ། བསང་དང་། འོ་མ་ཆང་སོགས་ཀྱི་མཆོད་པ་འབུལ་བ་བསྟན་འདུག་དྲན།
མི་ཤི་བ་ལ། སྐྱིད་ཀྱི་ལྷ་ལུག་དང་། རྟ་རྒོད་མ་གསོད། ཅེས་པ་འདིས་དེངས་སང་གཏད་ཡར་ཞེས་ལུག་གཏད་རྟ་གཏད་ཅེས་པ་ལུག་དང་རྟ་གཡག་སོགས་རི་མོ་བྲིས་པ་ཚེ་འདས་ལ་གཏད་སྲོལ་ཡོད་པ་འདི་རང་དུ་ངེས་སོ་དྲན།
ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་བྱ་བ་གཅིག་བྱུང་། ཟེར་བ་འདིས་བོན་གཞུང་ཁག་ལས། ཆབ་ནག་སྲིད་པ་རྒྱུད་ཀྱི་བོན། ཆབ་དཀར་དྲག་པོ་སྔགས་ཀྱི་བོན། འཕན་ཡུལ་རྒྱས་པ་འབུམ་གྱི་བོན། དཔོན་གསས་མན་ངག་ལུང་གི་བོན། མཐོ་ཐོག་སྤྱི་རྒྱུག་མཛོད་ཀྱི་བོན། ཞེས་བོན་སྒོ་བཞི་མཛོད་ལྔ་ཞེས་པ་དེ་སྐབས་དེ་དུས་ནས་འབོད་སྲོལ་ཡོད་པ་བསྟན་འདུག་དྲན།
དེ་སྟོན་པའི་བཀའ་ནི་མ་ཡིན་སྐད། ཅེས་པ་དེས་ཆབ་ནག་དེ་སྤྱིར་གདོད་མའི་བོན་དང་སྒོ་བསྟུན་པའི་བོན་གཅིག་ཡིན་པའི་ཆ་ནས་དང་། སྐབས་དེར་སྟོན་པ་གཤེན་རབ་ཅེས་བྱོན་པ་བསྟན་འདུག་དྲན།
རེས་དགེ་བ་ཙུག་བྱེད། རེས་མི་དགེ་བ་ཙུག་བྱེད་ཅེས་པ་དེས་ད་ལྟའི་དགེ་བསྙེན་བོན་སྔགས་ལྟར། སྐབས་རེ་བོན་ལ་སྤྱོད་ནས་དགེ་བ་བྱེད། སྐབས་རེ་ཁྱིམ་འཁོར་བ་བཟུང་ནས་ཞིང་འབྲོག་གི་ལས་ལ་གཉེར་བའི་དོན་བསྟན་འདུག་དྲན་ལ། དགེ་བ་ཙུག་བྱེད་ཅེས་པ་དེ་ལས། ཕྱི་མའི་དོན་ལ་དགེ་བ་བྱེད་དུ་ཡོད་པ་དེ་གསལ་བཤད་བྱས་འདུག་དྲན།
དེ་ཡང་། ཉང་རལ་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ལས། ” རྒྱལ་པོའི་(གཉའ་ཁྲི)རིམ་གྲོ་པ་ནི། བོན་པོ་ཅོ་ན་གཤེན་གྱི་ཕྱག་གར་ཚ་དང་། འཚེ་མི་གཤེན་བུ་རྒྱལ་ཚ་གཉིས་ཀྱིས་སྐུ་བསྲུངས་སོ། དེའི་སྲས་དེང་ཁྲི་བཙན་པོ། དེའི་དུས་སུ་ཞང་ཞུང་གི་གཤེན་བོན་ཀུན་འདུས་ཐེག་ཆེན་གྱིས་སྐུ་བསྲུངས་སོ། དེའི་སྲས་མུ་ཁྲི་བཙན་པོ། བོན་པོ་གཤེན་པོ་ཚེ་རྒྱལ་གྱིས་སྐུ་བསྲུངས་སོ། དེའི་སྲས་སྲིབས་ཁྲི་བཙན་པོ། ཞང་ཞུང་གཤེན་པོ་ཀུན་རིགས་རྒྱལ་པོས་སྐུ་བསྲུངས་སོ། དེའི་སྲས་ཡེ་ཤེས་ཁྲི་པོ། བོན་པོ་གཡུང་དྲུང་རྒྱལ་པོའི་སྐུ་བསྲུངས་སོ། དེའི་སྲས་གཉའ་ཁྲི་བཙན་པོ། བོན་པོ་ཀུན་རྟོགས་རྒྱལ་པོ་ཡིས་སྐུ་བསྲུངས་སོ། དེའི་སྲས་ཁྲི་པན་བཙན་པོ། བོན་པོ་མུ་ལ་ཁ་འབྲས་ཀྱིས་སྐུ་བསྲུངས་སོ། དེའི་སྲས་སྲིབས་ཁྲི་བཙན་པོ། བོན་པོ་ཞང་ཞུང་ལྷ་འོད་ཀྱིས་སྐུ་བསྲུངས་སོ། དེ་ཡན་ཆོད་བརླབས་པ་མ་ཡིན་ཏེ། གནམ་བོན་དང་གཤེད་ལྷ་འདྲེས་བསྟན་པ་ཡིན་སྐད། བཙན་པོ་དེ་བདུན་ལ་གནམ་གྱི་ཁྲི་བདུན་ཟེར་བ་ཡིན་ནོ། དེ་རྣམས་ཀྱི་དབུ་ལ་ལྷ་ཐག་ཡོད་པ་ཡིན་པས། སྲས་རྒྱལ་སར་ཚུད་པ་དང་། ཆིབས་ཁར་བྱོན་ཙ་ན། ཡབ་འོད་ཀྱི་ནམ་མཁའ་ལ་སྐུ་འཇའ་ཚོན་བཞིན་ཡལ་བར་གྱུར་རོ། དེ་ནས་སྲིབས་ཁྲིའི་སྲས་གནམ་ཕྲུ་བོ་གཞུང་བཙན་ལྷའི་སྐུ་རིང་ལ། གནམ་གྱི་(བརྡོར་)བོན་བྱུང་སྟེ། ཨུ་རྒྱན་ཡུལ་གྱི་ཚ་རོལ། ཁ་ཆེའི་ཡུལ་གྱི་ཕ་རོལ། སྟག་གཟིག་གི་བར་ན། ཡུལ་འགྱུར་སྣང་བར་སྣང་བྱ་བ་རུ། འ་ཞའི་བོན་པོ། མུ་སྟེགས་ཉི་ཚེ་བའི་སྟོན་པ། སྟོང་པ་དོན་དམ་དུ་འདོད་པ་དང་ལྟ་བ་མཐུན་པ་གཅིག་བྱུང་། དེའི་འཇིག་རྟེན་པའི་ལྷ་འདྲེ་ཀུན་གྱི་སྲོག་སྙིང་ནས་འདྲེན་ནུས་པ། མི་དང་ལྷ་སྲིན་དུ་དམངས་སྡུམ་ཤེས་པས། ཀུན་རྫོབ་ཏུ་ཐམས་ཅད་སྒོ་ང་ལས་སྐྱེས་པར་འདོད་པས། སྔ་རྟགས་དང་། ཕྱི་རྟགས་དང་། ད་ལྟ་ཇི་ལྟར་ཡིན་པ་རྣམས། ཐོལ་ཐོལ་དུ་སྨྲ་ཤེས་པ། (ལྟོ་ཁུ་ལྟོ་ནག)བྱ་བ་གཅིག་(ལྷུ་དང་རྡུམས་དུ)འབྲེལ་པ། ནམ་མཁའ་ལ་ལྷེབ་ལྷེབ་ཕུར་ནུས་པ། ལག་ཆ་ནི་སྐྱ་མོ་ཁུགས་སུ་བཅུག ལྤགས་པ་ནི། རླ་བཞི་འཕྲེང་དུ་བཀུག་ནས་(ཕུབ་པ།)མིང་དུ་ཕྱེད་རྔ་ཟེར། ཡས་རྟགས་ནི། ཤིང་དང་རུས་པ་ལ། སྔོན་དམར་གྱི་རི་མོ་བྲིས། གཟུགས་བརྙན་ནི། ཁམ་ས་ལ་བྱེད། ནམ་མཁའ་དང་རྒྱང་བུ་ནི་གཙུགས། གསོན་གྱི་ལྷ་བོན་བྱེད་ཟེར་ནས། གཡའ་རི་དང་གངས་རིའི་ལྷ་འདྲེ་ལ་ཞུང་ཤང་སྲབ་ཤང་། གསེར་སྐྱེམས་ཀྱིས་མཆོད། གཤིན་དུར་བྱེད་ཟེར་ནས། མི་ཤི་བ་ལ་མགོ་གནོན་དང་། སྐྱིད་ལྷ་ལུག་དང་། རྟ་རྒོད་མ་གསོད། མི་ནའི་གླུད་དུ་ངེས་པ་མེད་ཟེར་ནས། ར་ལུག་དང་བྱ་ཕག་དང་། ཡས་ཐག་གཏོང་ཟེར་ནས་སྲོག་ཆགས་གསོད། ཡང་ན་འཐོམ་སྟོང་ཞིང་། འགལ་དུམ་དང་འདྲེ་ཡས་སྐྱུར་བ་ཨ་ཡ་ཆབ་ནག་བྱ་བ་གཅིག་བྱུང་། དེ་རྒྱལ་པོའི་སྤྱན་དྲངས་ནས། ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་བྱ་བ་གཅིག་བྱུང་། བོད་ཡུལ་དུ་གྱེར་བོན་ལ་སྔ་བ་དེ་ཡིན་ནོ། དེ་སྟོན་པའི་བཀའ་ནི་མ་ཡིན་སྐད། རེས་དགེ་བ་ཙུག་བྱེད། རེས་མི་དགེ་བ་ཙུག་བྱེད། ” ཞེས་དང་།
ཡང་དེ་ལས། ” བོད་ཀྱི་ཡི་གེ་ཡང་ཁྲི་སོ་བུད་བཙན་པོའི་རིང་ལ་བྱུང་བར་འདོད་པ་ཡོད་དོ། ། ” ཞེས་པ་འདིས་ཁྲི་སོ་བུད་བཙན་པོ་ཞེས་པ་ལོ་རྒྱུས་འགའ་ཤས་ནས་གནམ་གྱི་ཁྲི་བདུན་གྲས་སོ་ཁྲི་བཙན་པོ་འམ། ཁྲི་སོ་བཙན་པོའི་རིང་ལ་བོད་ཀྱི་ཡི་གེ་བྱུང་བར། བཤད་སྲོལ་ཡོད་པར་བསྟན་འདུག་དྲན། ཡང་དེ་ལས། ” དེའི་སྲས་ཁྲི་ཐོག་རྗེ་བཙན་ཡན་ཆོད་དུ། བོད་དུ་སངས་རྒྱས་ཀྱི་བསྟན་པ་མེད་དོ། དཀོན་མཆོག་གསུམ་གྱི་སྒྲ་མི་གྲགས་པས་ན། ” ཞེས་པ། དེས་ཤག་ཐུབ་ཀྱི་སངས་རྒྱས་ཆོས་ལུགས་དེའི་ཡན་ཆོད་དུ་བོད་ལ་མ་དར་བསྟན་ལ། དཀོན་མཆོག་གསུམ་གྱི་སྒྲ་མི་གྲགས་པ་ཞེས་པ་ནི། བོན་ལུགས་སུ་དཀོན་མཆོག་གསུམ་དང་། སྐྱབས་གནས་ཡུལ་མཆོག་གནས་བཞི་ཞེས་པ་ཡོད་ཀྱང་། བན་ལུགས་ཀྱི་སངས་རྒྱས་ཆོས་དགེ་འདུན་ཟེར་སྲོལ་མེད་པའི་ན་དེ་སྐད་བསྟན་འདུག་དྲན།
ཡང་དེ་ལས། ” རྒྱལ་པོ་དེའི་སྲས་གནམ་རི་སྲོང་བཙན་ནོ། དེ་ལ་བོན་པོ་ཤེས་རབ་ལྡེམས་པས། བོན་གསང་བ་སྡེ་བཞི་འམ། ལྔ་རྩལ་ལོ། ། ” ཞེས་པ་དེས་བོན་པོ་དེས་རྒྱལ་པོ་གནམ་རི་སྲོང་བཙན་ལ། བོན་སྒོ་བཞི་མཛོད་ལྔ་གནང་བའི་དོན་བསྟན་འདུག་དྲན། ད་དུང་བུ་སྟོན་རིན་ཆེན་གྲུབ་(༡༢༩༠ ལོར་འཁྲུངས།) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས། (གཉའ་ཁྲིའི་སྐབས་སུ།) ” སྐུ་མཁར་ཡུམ་བུ་བླ་སྒང་བརྩིགས། མཚོ་མི་གཤེན་གྱི་དམུ་རྒྱལ་གྱིས་བོན་བསྒྱུར་ཟེར། སུམ་པའི་བོན་པོ་ཨ་ཡོང་རྒྱལ་བ་བཏུལ་ལོ། ། ” ཞེས་མཆན་སྣང་། ཡང་དེ་ལས། ” རྒྱལ་པོ་དེས་སྲོང་བཙན་གྱིས། ལྷོ་ནས་གློ་དང་མོན། ནུབ་ནས་ཞང་ཞུང་། བྱང་ནས་ཧོར། ཤར་རྩ་མི་ཤིང་མི་རྣམས་མངའ་འོག་ཏུ་ཆུག་གོ་དགུང་ལོ་བརྒྱད་ཅུ་གྱ་གཉིས་ཤིང་མོ་བྱ་ལ་འདས་སོ། །” ཡང་གནམ་གྱི་ཁྲི་བདུན་ཀྱི་(བང་སོ་གནམ་ལ་བཏབས། ལུས་འཇའ་ལྟར་ཡལ་ཟེར།) ཡང་། ” ལྷ་ཐོ་ཐོ་རི་གཉན་བཙན་སྐབས། དམ་པའི་ཆོས་ཀྱི་དབུ་བརྙེས། དེ་ཡན་ཆད་ནི། ཆབ་སྲིད་བོན་གྱི་བསྐྱངས་སོ། ། ” ཞེས་འབྱུང་ལ།
ཡང་དེ་ལས། ” གནམ་རི་སྲོང་བཙན་སྐབས་སུ། རྒྱ་ནག་ནས་རྩིས་དང་སྨན་བྱུང་། ” ཞེས་བྱུང་། ཡང་རྒྱ་བོད་ཡིག་ཚང་ཆེན་མོ་ལས། ” གནམ་གྱི་ཁྲི་བདུན་ཟེར། དེ་ཡན་ལ་འོད་ཀྱི་ལྷ་ཐག་ཡོད་པས་སྲས་ཀྱི་ཆིབས་ཁ་ཐུབ་པ་དང་ཡབ་འོད་ཀྱི་ནམ་མཁའ་ལ་བྱོན་པས། ལྷ་ལུས་རོ་མེད་འཇའ་ལྟར་ཡལ་ཅེས་སོ། ། ” ཞེས་དང་། ཡང་གྲི་གུམ་བཙན་པོའི་རིང་ལ། ” རྒྱལ་པོ་དེའི་རིང་ལ། མུ་སྟེགས་ཤིང་གྲོས་པ་དང་། སྲོག་ཟན་པ་དེག་སྐད་པ་བྱ་བ་གསུམ་བྱུང་བ་། མཆོད་གནས་བཅོལ་ནས་རྒྱལ་སྲིད་ཀྱང་ཉམས་ཞིང་བོད་མྱ་ངན་མནོན་མོ་བྱེད་པ་དང་། བྱིས་པའི་རིགས་ཀྱི་དགེ་རྩ་མི་ཐོབ་ཟེར་བ་འདི་དེ་པའི་ལྟ་སྤྱོད་རྒྱུན་འཇགས་པར་བྱེད་དོ། ། ” ཞེས་པ་དེས་མི་ཆེ་བ་འཆི་དུས་དགེ་རྩ་དགོས་པ་ཞོར་ལ་བསྟན་འདུག་དྲན།
ཡང་དེར་ལས། ” ཡབ་གྲི་གུམ་བཙན་པོའི་རིང་ལ། ཞང་ཞུང་དང་བྲུ་ཞྭའི་བོན་པོས་གཤིན་གྱི་འདུར་བོན་བྱུང་ངོ། སྲས་སྤུ་ལྡེ་གུང་རྒྱལ་གྱི་རིང་ལ། སྒྲུང་དང་ལྡེབས་བྱུང་ཞིང་། གནམ་བོན་གཤེན་པོ་ཆེ་བྱ་བ་བྱུང་། ། ” ཞེས་སོགས་བོན་གྱི་ལོ་རྒྱུས་ཁག་ལས་གསལ་བ་ལྟར། བོན་གནམ་གྱི་ཁྲི་བདུན་རིང་ལ་བོད་དུ་དར་ཞིང་གྲི་གུམ་སྐབས་ནུབ། སྤུ་ལྡེའི་སྐབས་དར་བ་བཤད་པ་སོགས་དང་འདྲ་བར་སྣང་ངོ་། །
ད་དུང་ས་སྐྱ་པ་བསོད་ནམ་རྒྱལ་མཚན་(༡༣༡༢ ལོར་འཁྲུངས།) གྱིས་བརྩམས་པའི་རྒྱལ་རབས་གསལ་བའི་མེ་ལོང་། མི་རིགས་དཔེ་སྐྲུན་ཁང་གི་ ༡༩༨༡ ལོའི་དཔར་མ་ལས། གྲི་གུམ་དང་སྤུ་ལྡེའི་དུས་སུ་གཡུང་དྲུང་གི་བོན་དར་བ་དང་། བོན་དེ་ཡང་སྟོན་པ་གཤེན་རབ་མི་བོ་བྱ་བ་སྟག་གཟིག་འོལ་མོའི་ལུང་རིངས་སུ། སྐུ་འཁྲུངས་ཁམས་ཆེན་བརྒྱད་ལ་སོགས་བོན་ཆོས་ཐམས་ཅད། ཞངཞུང་ཡུལ་ནས་བསྒྱུར་བ་དང་བོན་དེ་ལ་ཐེག་པ་དགུ་རུ་དབྱེ་སྲོལ་ཡོད་པ་སོགས་བསྟན་འདུག་སྟེ།
དེ་ཉིད་ལས། ” ནམ་མཁའ་ནས་སྒྲ་བྱུང་སྟེ། ཁྱོད་ཀྱི་བུ་དེ་ཀུན་ལས་རྒྱལ་བར་འགྱུར་རོ། བུ་དེ་ཀུན་ལས་རྒྱལ་ཟེར་ཀྱང་སྤུ་དེ་གུང་རྒྱལ་དུ་གྲགས་སོ། རྒྱལ་པོ་འདིས་རྒྱལ་ས་བཟུང་སྟེ། བོན་ནི་རུ་ལ་སྐྱེས་ཀྱིས་བྱས་སོ། རྒྱལ་བློན་འདི་གཉིས་ཀྱི་དུས་སུ། གཡུང་དྲུང་གི་བོན་བྱུང་སྟེ། སྟོན་པ་གཤེན་རབ་མི་བོ་བྱ་བ་སྟག་གཟིག་འོལ་མོའི་ལུང་རིངས་སུ་སྐུ་འཁྲུངས། ཁམས་ཆེན་པོ་བརྒྱད་ལ་སོགས་པ་བོན་པོའི་ཆོས་ཐམས་ཅད། ཞང་ཞུང་གི་ཡུལ་ནས་བསྒྱུར་ཏེ། དར་ཞིང་རྒྱས་པར་མཛད། བོན་ལ་རིགས་དགུ་རུ་ཕྱེ་སྟེ། རྒྱུའི་བོན་ལ་རིགས་བཞི། འབྲས་བུའི་བོན་ལ་རིགས་ལྔའོ། འབྲས་བུའི་བོན་རིགས་ལྔ་ནི། གཡུང་དྲུང་ཐེག་པ་བླ་ན་མེད་པ་ལ་ཞུགས་པ་སྟེ། བདེ་འགྲོ་མཐོ་རིས་ཀྱི་ལུས་ཐོབ་པར་འདོད་དོ། རྒྱུའི་བོན་པོ་རིགས་བཞི་ནི། སྣང་གཤེན་བལ་ཐོད་ཅན། འཕྲུལ་གཤེན་བལ་ཚོན་ཅན། ཕྱ་གཤེན་ཇུ་ཐིག་ཅན། དུར་གཤེན་མཚོན་ཆ་ཅན་ནོ། །དེ་ལ་སྣང་གཤེན་བལ་ཐོད་ཅན་གྱིས་ཕྱ་དང་གཡང་འགུག །ལྷ་དང་སྨན་གསོལ། དགེ་ལེགས་དང་དཔལ་བསྐྱེད་ནས་མི་ནོར་རྒྱས་པར་བྱེད། འཕྲུལ་གཤེན་བལ་ཚོན་ཅན་གྱིས་མདོས་དང་ཡས་གཏོང་། སྲིད་དང་རྟེན་འཛུགས། འཕྲལ་ཕུགས་ཀྱི་འགལ་རྐྱེན་ཐམས་ཅད་སེལ་བར་བྱེད་དོ། ཕྱ་གཤེན་ཇུ་ཐིག་ཅན་གྱིས། ལེགས་ཉེས་ཀྱི་ལམ་སྟོན། ཡིན་མིན་གྱི་ཐེ་ཚོམ་སེལ། ཟག་བཅས་ཀྱི་མངོན་ཤེས་འཆད་པར་བྱེད་དོ། དུས་གཤེན་མཚོན་ཆ་ཅན་གྱིས་གསོན་གྱི་བགེགས་སེལ། ཤིན་གྱི་དུར་འདེབས། ཆུང་གི་སྲི་གནོན། གནམ་གྱི་རྒྱུ་སྐར་ལྟ། སའི་འདྲེ་བཏུལ་བ་ཡིན་ནོ། ཐམས་ཅད་རྔ་གཤང་གི་སྒྲ་འཁྲོལ་བ་སྟེ། ཆབ་སྲིད་ནི་སྒྲུང་སྟེ་ལྡེའུ་བསྒྱུར་རོ། ། ” ཞེས་དང་། ཁྲི་སྲོང་སྐབས་སུ། དེ་ལས། ” མ་ཞང་སྟོད་ལུང་བྲང་ཕུ་རུ་གསོན་པོར་བང་སོང་བཅུག་སྟག་ར་ཀླུ་གོང་བྱང་ལ་བཅུག་གོ ། ” ཞེས་དང་། ཡང་དེ་ལས། ” བོན་གྱི་ཆོས་ཐམས་ཅད་་བྲག་དམར་སོགས་པར་གཏེར་དུ་སྦས་སོ། ལ་ལ་ཆུ་ལ་བསྐྱུར། འཕྲལ་རྐྱེན་བཟློག་པ་ཙམ་མིན་པ་མ་གནང་ངོ་། ། ” ཞེས་པ་འདིས་བོན་གཞུང་ཡང་དག་པ་མང་དག་ཅིག་ཆུ་ལ་བསྐུར། ཁ་ཅིག་གཏེར་དུ་སྦས་པར་བསྟན་འདུག་གོ
ཡང་བཀའ་ཐང་སྡེ་ལྔའི་བློན་པོ་བཀའི་ཐང་ཡིག་ལས། བོན་གཏན་ལ་བབ་པའི་སྐབས། ” བོན་རྩིས་སྨན་ཆོས་གཏན་ལ་ཕབ་ཚུལ་དང ༔ ཞེས་པས ༔ བོན་རྣམས་ཇི་ལྟར་གཏན་ལ་ཕབ་པ་ནི ༔ སེམས་ཅན་ངོ་བོ་སྒྲིབ་པ་བཅུ་སྒྲིབ་ཅན ༔ ངེས་ཚིག་བློ་ཡི་དྲི་མ་སྤང་བླང་ཅན ༔ དབྱེ་བ་སེམས་ཅན་རིགས་བྱེད་ལྔའམ་དྲུག༔ གཟུགས་མེད་ཡིད་བཅས་ཐེར་ཟུག་སེམས་ཅན་དང༔ འཁོར་བར་རྒྱུན་དུ་ཞུགས་པའི་སེམས་ཅན་དང༔ སྐྱེ་བ་རྣམ་པ་བཞི་ལྡན་སེམས་ཅན་དང༔ ཡང་ཡང་བར་སྲིད་མ་ཡི་སེམས་ཅན་དང༔ བེམ་སེམས་མ་མཚུངས་རྟག་པའི་སེམས་ཅན་ནོ༔ མི་སོགས་སེམས་ཅན་སྐྱེ་འགུལ་རྟོགས་མ་ལངས༔ སྲིད་པའི་ཁྲི་རྒྱལ་ཁུགས་ཀྱི་ཐུགས༔ སྲིད་པའི་ཕྱི་མོ་མིང་དགུ་སྲིང་དགུ་གཉིས༔ དུས་ཚོད་དེ་ཙམ་ཚེ་ལོ་ཁྲི་པའི་དུས༔ དེ་ནས་མ་སྲིད་དགུ་སྲིད་མ་བྱུང་དགུ་བྱུང་ངོ༔ སྟོན་པ་གཤེན་རབས་མི་བོ་ནི༔ དེ་ནས་འོག་མིན་ཕོ་བྲང་གནས་ནས་ནི༔ འགྲོ་བ་སེམས་ཅན་དོན་ལ་བྱོན་ཚུལ་ཏེ༔ འོད་ཟེར་ཁ་དོག་སྣ་ལྔ་ཅིར་ཡང་སྣང་བར་སྤྲུལ༔ འོད་ཟེར་རབ་ཏུ་སྤྲོས་པས་འཇིག་རྟེན་ཁམས་རྣམས་ཁྱབ༔ དེ་ནས་ཤིང་ཤོལ་སྡོང་གི་ཁ་ལ་བྱོན༔ འདབ་ཆགས་རྒྱལ་པོ་གཡུ་བྱ་ཁུ་བྱུག་ནི༔ སྐུ་མདོག་བཻཌཱུརྱ་མཐིང་ཁའི་མདོག་ཆགས་པས༔ ཐམས་ཅད་ཟིལ་གྱིས་ནོན་པ་བྱའི་རྒྱལ་པོ༔ གསུང་སྙན་ཁམས་གསུམ་སེམས་ཅན་སྤྲོ་བ་བསྐྱེད༔ རིགས་གསལ་འཁོར་འདས་བྱེ་བྲག་མི་སྒྲིབ་པ༔ ཤེས་རབ་བྱམས་མ་གནང་གྱི་གུང་རྒྱལ་གྱི༔ སྤྱི་བོའི་གཙུག་ཏུ་བབས་ནས་གཤོག་པ་བརྡབས༔ ལན་གསུམ་སྤྲུགས་པས་བྱ་དེའི་གསང་བ་ནས༔ འོད་དཀར་འཚེར་དང་དམར་ལ་དྭངས་པ་གཉིས༔ ཡུམ་གྱི་སྤྱི་བོའི་གཙུག་ནས་མར་ལ་ཐིམ༔ ཡུམ་གྱི་ལྷུམས་ནས་མཐོན་ཏེ་གསུང་སྙན་བསྒྲགས༔ འདི་ནི་གཟིགས་སྟངས་བདུན་གཟིགས་བདུན་གཟིགས་ནས་གཤེགས༔ གཟིགས་སྟངས་རྣམ་པ་བཞི་ལ་གཟིགས་ནས་བྱོན༔ ས་གནས་གང་ལ་གཟིགས་ནས་བྱོན་པ་དང༔ ཡབ་ཡུམ་གང་ལ་གཟིགས་ནས་བྱོན་པ་དང༔ བསྟན་པ་གང་ལ་གཟིགས་ནས་བྱོན་པ་དང༔ ཞིང་ས་གང་ལ་གཟིགས་ནས་བྱོན་པའོ༔ དང་པོ་ཁམས་གསུམ་ས་དགུར་གཟིགས་ནས་བྱོན༔ གཉིས་པ་ཚལ་ཆེན་པོ་གཡུ་ཚལ་དུ་བྱོན༔ གསུམ་པ་ལས་དག་རིགས་བཙུན་པ་ལ་དགོངས༔ བཞི་པ་རིགས་དྲུག་འཛམ་གླིང་མི་ལ་དགོངས༔ བོན་རྒྱ་མཚོའི་མཆིང་རྣམ་པས་ཀྱང་གཏིང་རིང༔ བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དང༔ བོན་གྱི་མཛོད་མིག་སུམ་བརྒྱ་དྲུག་ཅུར་བསྡུ༔ དེ་ལ་རྒྱུའི་བོན་བཞི༔ འབྲས་བུའི་བཞི༔ ཆུ་བོ་བཞི་དང་ཆུ་བྲན་བཞི་སྟེ་བརྒྱད༔ དགོངས་པ་ལ་འཇུག་ལས་ཀ་རྣམ་པ་གསུམ༔ ཐེག་དགུ་གང་གི་སྒོ་ནས་འཇུག་ཀྱང་རུང༔ ལུས་ཀྱི་ལས་སུ་ཕྱག་རྒྱ་དཀའ་བ་བསླབ༔ ངག་གི་ལས་སུ་སྙིང་པོ་དཀའ་བ་བསླབ༔ ཡིད་ཀྱི་ལས་སུ་ཏིང་འཛིན་དཀའ་བ་བསླབ༔ ཏིང་ངེ་འཛིན་ལ་ཡན་ལག་འབུམ་དུ་བཤད༔ དེ་ལས་བསྡུས་པས་བརྒྱད་ཅུ་རྩ་གཉིས་སོ༔ དེ་ལས་བསྡུས་པས་བཅུ་དྲུག་བཤད༔ དེ་ལས་བསྡུས་པས་ལྔའོ༔ དེ་ལ་བོན་གྱི་ཐེག་པ་རིམ་དགུའམ་བཅུ༔ ཕྱྭ་གཤེན་ཐེག་པ་༔ སྣང་གཤེན་ཐེག་པ༔ འཕྲུལ་གཤེན་ཐེག་པ༔ སྲིད་གཤེན་ཐེག་པ༔ དགེ་གཤེན་ཐེག་པ༔ གཤེན་གྱི་དྲང་སྲོང་ཐེག་པ༔ གཤེན་གྱི་ཨ་དཀར་ཐེག་པ༔ ཡེ་གཤེན་ཐེག་པ༔ ཁྱད་པར་ཆེན་པོའོ༔ མ་ཁུ་བའོ༔ ཕྱྭ་གཤེན་འཇུག་སྒོ་ལྟོ་རིགས་སུམ་བརྒྱ་དྲུག་ཅུ་དང༔དཔྱད་རིགས་བརྒྱད་ཁྲི་བཞི་སྟོང་བཞི་སྟོང་འཇུག་པའི་སྒོ༔ སྣང་གཤེན་གྱེར་སྒོ་བཞི་ནས་འཇུག༔ སྐད་ཀྱི་ལྕོང་དགུ་གར་བབས་བཙན་པོ་གསོལ༔ འཕྲུལ་གཤེན་རྫུ་འཕྲུལ་ཆེན་པོ་བཅུ་གསུམ་དང༔ ཐབས་ཆེན་དྲུག་གིས་སྦས་གསས་རྔམ་སྒོམ་པ༔ སྲིད་གཤེན་ཤི་ཐབས་སུམ་བརྒྱ་དྲུག་ཅུ་དང༔ འདུར་གོ་ཆེན་པོ་བཞི་ནི་རྨ་བོ་ལྷ༔ དགེ་གཤེན་དགའ་བ་བཞི་དང་དག་པ་གཉིས༔ གཉེན་པོ་གསུམ་ཏེ་ཀུན་ཤེས་འཕྲུལ་རྒྱལ་པོ༔ དྲང་སྲོང་སྦད་པས་བཅུ་དང་མཚོན་པ་གཉིས༔ སྦྱངས་པ་གཉིས་དང་སྒྲུབ་གསུམ་གཡུང་དྲུང་ཚེ༔ ཨ་དཀར་སྒྲུབ་པའི་ཡན་ལག་བཅོ་བརྒྱད་དང༔ གཉན་པོའི་སྒོ་དགུ་འགིང་ལས་ཀྱི་ལྷ༔ ཡེ་གཤེན་འཇུག་པ་རྣམ་པ་བཞི་དང་ནི༔ ཏིང་འཛིན་ཡན་ལག་དྲུག་ཅུ་རྟགས་བཅུ་དྲུག༔ ཁྱད་པར་ཆེན་པོ་ལྷ་གསུམ་དོན་དམ་གཅིག༔ རྩི་ཐོག་མ་ཁུ་བ་ཡི་གདུལ་དགུ་འཇུག༔ ཐེག་བདུན་མང་པོར་ཡེ་གཤེན་ཐེག་པར་ཞུགས༔ རྒྱལ་ལྡོང་གི་སྐད་དུ་ཨི་ཡང་ཞེས༔ ཞང་ཞུང་དམར་སྐད་ཨུ་ཡུ་ཨག་ཐམ་ཞེས༔ སྤུར་རྒྱལ་བོད་སྐད་གསང་ངོ་ཁ་ཐམ་ཞེས༔ བོན་གནམ་བབ་རྒྱུ་འབྲས་མི་བསླུ་ཞེས༔ སྟོན་པ་འཆི་མེད་གཙུག་ཕུད་ཀྱིས༔ ཁུ་བྱུག་དགུ་འམ་ཉི་ཤུ་བདུན་དུ་དབྱེ༔ གཤེན་ལྷ་འོད་དཀར་དྲན་པའི་རྒྱ་རུ་ཆེ༔ དེ་ནས་བོན་གྱི་འསྟན་པ་བཙུགས་ཚུལ་ནི༔ ཕྱྭ་གཤེན་མོ་ལྷའི་རྒྱལ་པོ་སྐྱེས་བུ་རིར༔ ཏ་ཁུ་སྤྱིད་མིང་སྐེ་ཡི་བསྟན་པ་བཙུགས༔ སྣང་གཤེན་གྱེར་སྒྲོག་གར་གསས་བཙན་པོའི་ལྷ༔ མི་བོན་ལྷ་བོན་རྒྱལ་ཁྲིམས་སྣར་བས་བཙུགས༔ འཕྲུལ་གཤེན་བསྟན་པ་སྦས་གསས་རྔམ་པས་བཙུགས༔ སྲིད་གཤེན་བསྟན་པ་འདུར་གསས་སྦ་པོས་བཙུགས༔ དགེ་གཤེན་ཡེ་མཁྱེན་འཕྲུལ་རྒྱམ་བཙུགས༔ དྲང་སྲོང་འདུལ་ཁྲིམས་སྒྲོག་པའི་བསྟན་པ་ནི༔ ཐེག་དྲུག་གཡུང་དྲུང་ཚེ་ཡི་རྒྱལ་པོ་བཙུགས༔ ཨ་དཀར་བསྟན་པ་གསང་བ་འདུས་པས་བཙུགས༔ ཡེ་གཤེན་བསྟན་པ་གཡུང་དྲུང་ཡེ་དབང་རྒྱལ་པོས་བཙུགས༔ ཐེག་དགུ་ཁྱད་པར་ཆེན་པོ་སེམས་ཀྱི་བོན༔ གཤེན་པོ་ཚད་མེད་འོད་ལྡན་བསྟན་པ་བཙུགས༔ མ་གུ་གཤེན་པོ་ཚད་མེད་འོད་ལྡན་གྱིས༔ ནམ་མཁའི་དབྱིངས་སུ་དཀའ་བ་སྤྱོད་ཅིང་སྒོམ༔ ཡབ་ཡུམ་འཁོར་བཅས་ཕུང་པོ་ལྷག་མེད་སོང༔ དེ་ནས་བོན་པོ་འཕྲུལ་གཤེན་སྣང་ལྡན་གྱིས༔ རི་རབ་ཟོམ་ལ་དཀའ་བ་སྤྱོད་པཅིང་སྒོམ༔ ཡབ་ཡུམ་འཁོར་བཅས་ཕུང་པོ་ལྷག་མེད་སོང༔ རྒྱལ་པོ་གྲི་གུམ་བཙན་པོ་རིང་ལ་ནུབ༔ རྒྱལ་པོའི་ཆབ་སྲིད་དེ་ནས་ཉམས་པ་ལགས༔ རྒྱ་བོད་གཉིས་ཀྱི་སོ་མཚམས་ན༔ ལྷོ་རི་ལ་སྤད་བྱ་བའི་རི༔ མོན་གྲ་ཧེ་ད་བྱ་བ་ཡོད་༔ ཤིང་མུ་ལེ་གྲུབ་ཤིང་སྡོང་པོ་ནི༔ འདོམ་པ་བཅུ་དྲུག་བ་གཅིག་ཡོད༔ དེ་ལ་ཁུ་བྱུག་སྟོན་འབྲིང་གི༔ ཚེས་གསུམ་ནམ་ལངས་སྐད་འདོན་ནོ༔ བོན་གྱི་བློན་པོ་ཡི་སྟག་མ་ཧཱ༔ བོན་བློན་མ་ཧཱ་ཁྲ་མི༔ བྱ་རྒྱལ་རིག་པའི་ཁུ་བྱུག་དེ༔ ལྷ་རི་སྤོ་མཐོན་ཤེལ་གྱི་རྡོ་རིང་ཁར༔ དབྱར་ཟླ་ར་བའི་ཚེས་བཅུ་དྲུག་ལ་བབས༔ བོན་གཏན་ལ་ཕབ་པའི་སྐབས་ཏེ་ཉེར་གཉིས་པའོ༔ ཐྲཐཉྲརྦྱ། རྦྱ། ༔ ༔ཞེས་གསུངས་སོ། ། ” ཞེས་པ་འདིས་སྟོན་པ་གཤེན་རབ་བྱོན་པ་དང་དེས་གཡུང་དྲུང་གི་བོན་ཐེག་པ་དགུ་བསྟན་པ། དེ་སྤྱད་ཅིང་ཉམས་སུ་བླངས་པ་ལ་རྟེན་ནས། ཕུང་པོ་འཇའ་ལུས་སུ་དེངས་པའི་ཚུལ་སོགས་བསྟན་འདུག་དྲན་ལ་དེའི་ནང་གཡུང་དྲུང་བོན་ཐེག་པ་རིམ་དགུ་དར་ཡོད་པ་གསལ་བས། ཐེག་པ་རེ་རེ་ལ་ལྟ་སྒོམ་སྤྱོད་འབྲས་དམ་ཚིག་སོགས་ཀྱི་གཞུང་ལུགས་ཆ་ཚང་པ་རེ་རེ་ཡོད་པར་མ་ཚད། དེ་དག་ལས་འབྲས་བུའི་བོན་ཞེས་པ་ནི། མདོ་སྔགས་སེམས་གསུམ། གཙོ་བོར་བསྟན་ཡོད་ལ། མདོ་སྔགས་སེམས་གསུམ་ལ། གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཆ་ཚང་བ་བཞུགས་ཡོད་པ་གཞུང་དེ་ཚོར་བརྟགས་དཔྱད་རེ་མཛོད་དང་མཁྱེན་ངེས་རེད།
བན་དེའི་མཁས་པ་འགས། རྡོ་རྗེ་གླིང་པའི་བཀའ་ཐང་གནམ་ལྕགས་མ་ལས། ” བོན་དང་ཆོས་གཉིས་བོན་སྔ་བས༔ ཆོས་ཀྱི་འབྱུང་ཁུངས་བོན་ལ་ཐུག༔ ཆོས་པས་བོན་གཤེ་དམ་ཚིག་ཉམས༔ རྐྱེན་དེས་རང་བསྟན་རང་གིས་བཤིགས༔ ཞེས་དང་། བོན་གྱིས་ཆོས་ལ་ངན་སྨྲ་བྱས༔ ཉེན་སྐྱོན་དེ་ཡིས་གདུལ་ཞིང་ཆུང༔ ” ཞེས་དང་། ཡང་གུ་རུ་སངས་རྒྱས་གླིང་པས་པུ་རི་ཕུག་མོ་ཆེའི་གཏེར་མ། པད་མ་བཀའ་ཐང་ངམ། ཨོ་རྒྱན་རྣམ་ཐར་རྒྱས་པ། གསེར་གྱི་ཕྲིང་བ་ཞེས་པ་ལས། ” བི་མ་ལ་མི་ཏྲ་དང་། དྲན་པ་ནམ་མཁའ་གཉིས་སོགས། བོན་པོ་རེ་དང་། པན་ཏི་ཏ་རེ་སྤྲད་ནས། ཆོས་ཐེག་པ་རིམ་པ་དགུ་དང་། བོན་ཐེག་པ་རིམ་པ་དགུ་དགག་རེས་བྱེད་ཅིང་རྩོད་པ་བྱེད་དུ་བཅུག” ཅེས་དང་།
ཡང་བདེ་བའི་རྡོ་རྗེའི་གཏེར་མ། པད་མའི་རྣམ་ཐར་དྲི་མེད་ཤེལ་གྱི་བུམ་བཟང་། ཞེས་པ་ལས། ” དེ་ཚེ་ཨོ་རྒྱན་ཆེན་པོའི་ཞལ་ན་རེ། རྩོད་པའི་ཐོག་མ་ཤག་གིས་སྣ་དྲངས་ཏེ། གྲུབ་པའི་ལག་རྗེས་ངེས་པའི་ཚིག་གིས་བསྡུད། གསུངས་པས་ཤགས་བཏང་བོན་རྣམས་རྒྱལ་ཁ་ཐོབ། བོན་བློན་རྣམས་ཀྱིས་དར་ཕྱར་དུང་འབུད་དེ། བསྭོ་སྒྲ་ཐེངས་གསུམ་དགའ་བ་ཚད་མེད་ཐོབ། ” ཅེས་དང་།
ཡང་ཨོ་རྒྱན་རྣམ་ཐར་རྒྱས་པ། གསེར་གྱི་ཕྲིང་བ་ཞེས་པ་ལས། ” བོན་དཔེ་ཐམས་ཅད་མེ་ལ་བསྲེགས། ལ་ལ་མཆོད་རྟེན་ནག་པོའི་སར་མནན་ནས་བཞག” ཅེས་དང་། ཡང་དེ་ལས། ” ལྷ་གཡང་སྐོར་གསུམ་མ་གཏོགས་པའི། བོན་ལུགས་སྡིག་དང་འདྲེས་མ་ཐམས་ཅད་བསྣུབས། ” ཅེས་དང་། ཡང་དེ་ལས། “བོད་བློན་རྣམས་ཀྱིས་བོན་པོ་རྣམས། གཙང་སྟོད་བྱེ་མའི་གཡུང་དྲུང་སར་སྐྱེལ་ཐུང་བྱས་ཏེ། གོར་ཁའི་ཡུལ་དང་སོག་པོ་སྤྲེ་སླག་ཅན་གྱི་ཡུལ་རྣམས་སུ་སྤྱུགས་སོ། ། ” ཞེས་དང་། ཡང་དེ་ལས། ” དེའི་དུས་སུ་བོན་པོ་ཚོས་ལྐོག་ཏུ་བོན་དཔེ་མང་པོ་སྐུངས་ནས་བོན་པོ་རྣམས་ཀྱིས། བོན་དར་བ་མཐའ་ནས་དར་བར་གྱུར་ཅིག ཆོས་ནུབ་པ་དབུས་ནས་ནུབ་པར་གྱུར་ཅིག ཅེས་དམོད་པ་དོར་རོ། ། ” ཞེས་དང་།
ཡང་པད་མ་བཛ་ཅན། པད་འབྱུང་རྣམ་ཐར་ཡིད་ཀྱི་མུན་སེལ་ཞེས་པ་ལས། ” དེར་བོན་བསྣུབས། གཤེན་དྲན་པ་ནམ་མཁའ་ལ་སོགས་པ། བོན་སྟོན་ཐམས་ཅད་མཐའ་ལ་སྤྱུགས། འཇིག་རྟེན་འཕྲལ་རྐྱེན་བཟློག་པའི་བོན་རྣམས་བཞག གཞན་ཐེག་པ་དགུའི་དཔེ་རྣམས་ས་ལ་སྦས། དེ་ནས་བོན་སྟོན་རྣམས་ཀྱིས། བོན་གྱི་དཔེ་རྣམས་གཏེར་དུ་སྦས། དུས་ལན་གཅིག་ཙམ་ན་ལས་འཕྲོ་དང་སྐལ་བར་ལྡན་པ་བློ་ལ་ཡེ་ཤེས་ཀྱི་མེ་འབར་བ། དམ་ཚིག་སྲུང་ཐུབ་པ། ལྕེ་རྣོ་ལ་རྐན་དྲག་ཅིག་གི་རྙེད་པར་ཤོག རྙེད་ནས་སེམས་ཅན་གྱི་དོན་བྱེད་པར་ཤོག བོན་དར་མཐའ་ནས་དར་བར་ཤོག ཆོས་ནུབ་དབུས་ནས་ནུབ་པར་ཤོག ཅེས་སོགས་སྨོན་ལམ་བཏབ་ནས། རྒྱལ་པོ་ལ་གཏེར་དུ་སྦ་བར་ཞུས་པས་གནང་སྟེ། བླ་ཆེན་ཁོད་སྤུང་གིས་བསམ་ཡས་དབུ་རྩེ་བསྐོར་ཁང་དང་། བྱང་མི་མེད་བྲག་ཕུག་ཏུ་སྦས། ” ཞེས་དང་། ཡང་དེ་ལས། ” དེ་ལྟར་དེང་སང་བོན་དར་བ་རྣམས་ནི། གཏེར་མ་ཁོ་ན་ཡིན་ལ། རྒྱུའི་བོན་བཞི། འབྲས་བུའི་བོན་བཞི། ཁྱད་པར་བླ་ན་མེད་པའི་ཐེག་པ་དང་དགུར་དབྱེ་སྐད་དོ། ། ” ཞེས་དང་།
ཡང་བདེ་བའི་རྡོ་རྗེའི་གཏེར་མ། པད་མའི་རྣམ་ཐར་དྲི་མེད་ཤེལ་གྱི་བུམ་བཟང་། ཞེས་པ་ལས། ” དེ་ལ་ཆོས་རྒྱལ་ཆེན་པོའི་ཞལ་ན་རེ། གཡུང་དྲུང་བོན་ནི་ཕ་མྱེས་རྒྱུད་པའི་ལྷ། ” ཞེས་དང་། ཡང་དེ་ལས། ” བོན་རྣམས་ཆོས་དང་མཐུན་རྣམས་པདྨའི་བཀས། ནང་པའི་གྲལ་ཚུད་བན་བོན་ཁྱད་མེད་བྱས། ཆོས་མིན་བོན་ལོག་ཐམས་ཅད་ས་མཐར་སྤྱུགས། ” ཞེས་དང་།
ཡང་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་གཏེར་མ། པད་མའི་རྣམ་ཐར་གྲངས་བཅུ་གཉིས་བདག་ཅན། དྲི་མ་མེད་པའི་རྒྱན། ཞེས་པ་དང་། ཡེ་ཤེས་མཚོ་རྒྱལ་རྣམ་ཐར། བེེ་རོ་ཙ་ནའི་རྣམ་ཐར། མཚོ་རྒྱལ་དང་བེེ་རོ་ཙ་ནས་མཛད་པ་ལས། ” བེ་རོ་ཙ་ནས་རྒྱ་གར་ནས་མདོ་སྔགས་འདྲེས་མ་རྩིས་སྨན་འདྲེས་མ་དང་། ཆོས་བོན་འདྲེས་མ་ལ་སོགས་མང་དུ་བསྒྱུར། དེ་ནས་གསང་སྔགས་ཕྱི་ནང་ཡང་གསང་རྒྱུད། བྱ་སྤྱོད་རྣལ་འབྱོར་ཡོ་ག་བླ་མེད་རྒྱུད། ཀྲི་ཡོག་སྡེ་གསུམ། ཡོ་ག་སྡེ་གསུམ་དང་། སྤྱི་ཏི་ཡང་ཏི་མཐའ་ཆེན་བྱུང་རྒྱལ་རྒྱུད། ” སོགས་ནས། ” སེམས་སྡེ་བཅོ་བརྒྱད། ཀློང་སྡེ་མ་བུ་དང་། མན་ངག་སྣ་ཚོགས་རྫོགས་ཆེན་ཆོས་བསྐོར་དང་། ངན་སྔགས་སྣ་ཚོགས་དྲགས་སྔགས་ལས་སྦྱོར་བསྒྱུར། ” ཞེས་དང་། ཡང་དེ་ལས། ” བོན་འགྱུར་གྱི་ནང་དུ་གན་ཇག་ཐང་ཏ་དང་། ” ཞེས་དང་། ཡང་དེ་ལས། ” དེ་ནས་བེེ་རོ་ཙ་ནས་གཡུ་སྒྲ་ནི། ཆོས་གྲྭར་ཆོས་གཏུག་ཚ་བའི་རོང་ནས་བཏང་། རྒྱལ་བློན་ཡིད་ཆེས་ཐོབ་ནས་སླར་སྤྱན་དྲངས། བན་བོན་གཉིས་ཀའི་བསྟན་པ་སྐྱོང་བར་བྱས། ” ཞེས་དང་། ཡང་དེ་ལས། ” བོན་དཔེ་ནང་མ་རྣམས་ནི་གཏེར་དུ་སྦས། ཕྱི་པའི་དཔེ་རྣམས་མ་ལུས་མེ་ལ་བསྲེགས། བོན་རྣམས་བཅུག་ཏེ་ཆོས་ཀྱི་བསྟན་པ་གཙུག ” ཅེས་དང་། ཡང་དེ་ལས། ” གཏེར་གྱི་རྩ་བ་བསྡུས་པས་བཞི་ཕྱེས་ཏེ། མེས་གཏེར་སྲས་གཏེར་བོན་གཏེར་ཡང་གཏེར་བཞི། བཞི་པོ་རེ་ལ་བཅོ་བརྒྱད་རེ་རེ་མཛད། བཅོ་བརྒྱད་རེ་ལ་ཕུན་ཚོགས་ལྔ་ལྔ་བསྡུས། དེ་ཡང་རྒྱ་ནི་རིམ་པ་བདུན་བཏབ་སྦས། ” ཞེས་དང་། ཡང་དེ་ལས། ” དེ་ནས་བི་མ་ལ་དང་བེེ་རོ་ཡིས། གསང་སྔགས་ཕྱི་ནང་གསང་བའི་རྒྱུད་མང་བསྒྱུར། བོ་དྷི་ས་ཏྭ་གཡུ་སྒྲ་སྙིང་པོ་གཉིས། འདུལ་བ་མདོ་ཡི་གཞུང་ལུགས་བསྟན་བཅོས་བསྒྱུར། ཨོ་རྒྱན་པད་འབྱུང་ནམ་མཁའི་སྙིང་པོ་གཉིས། ཐབས་ལམ་ཟབ་པ་རྩ་རླུང་གཏུམ་མོ་བསྒྱུར། གཞན་ཡང་པཎ་གྲུབ་རེ་དང་ལོ་ཙ་རེ། མདོ་སྔགས་གཉིས་ཀ་རྒྱ་གར་བཞུགས་ཚད་བསྒྱུར། བོན་ལུགས་ཡང་དག་བཞག་ཀྱང་བོན་ལོག་བསྣུབས། དེ་དུས་བཙུན་མོ་དང་ནི་བོན་བློན་ཀུན། ” ཞེས་དང་།
མཚོ་རྒྱལ་བཀའ་ཐང་ལས། ” སྲོང་བཙན་སྒམ་པོ་སྐུ་གཤེགས་ནས། ལོ་ཉི་ཤུ་ཙམ་ནས། རྒྱུ་བོན་ལོག་པ་དར་ནས། ཆོས་དང་བོན་གཉིས་ཀ་བསྣུབས། བོན་ནང་པ་ནི། ད་ལྟ་ཡང་སྐད་མེད་དུ་སྡོད་དགོས་པ་ཡིན་ཏེ། བོན་པོ་ལ་ལ་ཁམས་སུ་སྤྱུགས། ” ཞེས་དང་། ཡང་དེ་ལས། ” བོན་ནང་པ་ནི་ཆོས་དང་མཐུན་པས་རང་མལ་དུ་བཞག་མཛོད། ལོག་བོན་འདི་རྣམས་མུ་སྟེགས་ལས་ཀྱང་དམན་པས། གསོད་མི་ཉན་པས་ས་མཐར་སྤྱུགས་ཤིག་གསུངས། ” ཞེས་དང་། ཡང་དེ་ལས། ” དེ་ནས་བོན་ནང་པ་རྣམས་བོད་དང་ཞང་ཞུང་གི་ས་མཐར་སྤྱུགས། ཕྱི་བོན་རྣམས་ནི། སོག་པོ་སྤྲེལ་སླག་ཅན་གྱི་ཡུལ་དུ་སྤྱུགས་སོ། ། ” ཞེས་པ་རྣམས་ཀྱིས་ཁྲི་སྲོང་སྐབས། བོན་ལ་ཐེག་དགུ་ཡོད་པ་དང་། བོན་ལ་བོན་ཕྱི་པ་ཞེས་པ་དང་། བོན་ནང་པ་ཞེས་པ་གཉིས་ཡོད་པ་གསལ་བར་བསྟན་འདུག་དྲན།
མི་རིགས་དཔེ་སྐྲུན་ཁང་གི་ ༢༠༡༢ ལོའི་དཔར་མ། དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས། (གནམ་གྱི་ཁྲི་བདུན་) ” རི་བྲག་མི་ཐོགས་མཁའ་ལ་གཤེགས་བཞུད་བྱེད། །ཉིན་བཞིན་སར་བྱོན་མཚན་བཞིན་མཁའ་ལ་གཤེགས། །སྲས་ཀྱི་ཆིབས་ཁ་ཐུབ་པར་གྱུར་པ་ན། །རྨུ་ཐག་ལ་འཇུས་ནམ་མཁར་གཤེགས་སོ་སྐད། །ལྷ་ལ་རོ་མེད་འཇའ་ཚོན་ལྟར་ཡལ་བས། །གྲོངས་ཀྱི་བང་སོ་གནམ་ལ་བཏབ་ཅེས་གྲག །” ཞེས་སོ། །ཡང་དེ་ལས། ” མ་འོང་སྔགས་དང་འདུལ་བ་འབྱུང་བའི་ལྟས། །གནམ་བོན་གཤེན་པོ་ཆེ་དང་བོན་གཞུང་འབྱུང་། །གཤེན་ཡུལ་འོལ་མོ་ལུང་རིང་ཞེས་ཟེར་བ་དབུས་ཀྱི་འོན་དུ། རུས་གཤེན་གྱི་བྱིས། བོན་བུའི་རྣ་བ་ཅན་བྱུང་། ” ཞེས་པ་དེས་བོན་ལ་མདོ་དང་སྔགས་ཡོད་པ་གསལ་པོར་བསྟན་ལ། ད་དུང་འོལ་མོ་ལུང་རིང་ཞེས་པ་དང་། གཤེན་རབ་བྱོན་པ་སོགས་གསལ་པོར་བསྟན་པ་ལ། བོང་བུ་རྣ་བ་ཟེར་བ་ནི་སྒྲོ་བཏགས་དང་། ལོ་བཅུ་གཉིས་ཟེར་བ་ནི། གཤེན་རབ་ཀྱི་མཛད་པ་བཅུ་གཉིས་ལ་བཅོས་པ་ཞིག་རེད་དྲན། ཡང་དེར་ལས། ” ཆོས་དང་བོན་དུ་རྩོད་དེ་བོན་རྣམས་བསྣུབས། །ལྕི་ཤིང་བཙན་པའི་བཀའ་ཡི་འདེམས་ཁ་བོད། །ཀུན་གྱིས་ལྷ་ཁང་མཐར་ཕྱིན་སྒྲུབ་པར་ཞུས། ། ” ཞེས། རྒྱལ་པོས་བཀའ་བཙན་པོ་དང་ལྕི་བར་གནང་ནས་བོད་འབངས་ཡོངས་བན་དེར་ཞུགས་པར་བསྐུལ་བར་གསལ་འདུག་དྲན།
ཡང་དེ་ལས། ” ཕྱི་རབས་རྣམས་ལ་རིག་པའི་ཆོས་གོ་བར་བྱ་བའི་ཕྱིར། གག་སྤང་དང་ཀ་གཞུ་དང་། གདུང་ཕྲན་སོགས་ལ་། སྒྲུང་དང་ལྡེའུ་བོན། ཤ་བ་ནམ་མཁའ་ལ་འགྲོ་བ་སོགས་བྲིས། བོན་གྱི་དཔེ་ཕལ་ཆེར་ཀ་བའི་འོག་ཏུ་སྦས། ” ཞེས་བོན་དཔེ་མང་པོ་ཀ་བའི་འོག་ཏུ་སྦས་པ་དེས་བོན་དཔེ་མང་པོ་ཡོད་པ་བསྟན།
ཡང་དེ་ལས། ” རྗེའི་སྐུ་རིམ་དང་བར་ཆད་སེལ་བ་ལ། འདྲེ་སྲིན་ལ་དུས་བོན་རེ་བྱེད་ན། ཚེ་མི་དང་ཞང་ཞུང་་གཏོགས་གཞན་བགྱིད་དུ་མི་གནང་བར། བོན་དཔེ་ཀུན་ཆུ་ལ་བསྐུར། ལྷག་མ་ཕྱིས་མཆོད་རྟེན་ནག་པོར་མནན་ནོ། ། ” ཞེས་དང་། ཡང་དེ་ལས། ” ཡོས་བུའི་ལོ་ལ་དཔྱིད་བསམ་ཡས་རྨང་འདིངས་པར་ཆད་ཙམ་ན། གསལ་སྣང་གིས་བླའི་གཙུག་ལག་ཁང་མ་བརྩིགས་པར། སླས་ཀྱི་ལྷ་ཁང་བཞེངས་སུ་གསོལ། རྦ་ཕ་ཚན་བོན་བགྱིད་དུ་མི་གནང་བར་ཆོས་ལ་བཀོད། ” ཞེས་དང་།
ཡང་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་མཛད་པའི་གསོ་རིག་གི་བྱུང་བ་སྲོང་པོར་བརྗོད་པའི་གཏམ་དྲང་སྲོང་སྲིད་སྒྲུབ་ཀྱི་མདའ་ལས། ” སྔ་རབས་པ་འགས་བྱས་པ་ཡི། །གསོ་དཔྱད་བྱུང་བ་བརྗོད་པའི་སྐབས། །བོད་ཡུལ་གསོ་དཔྱད་བསྟན་པའི་དབུ། །ཐོ་རིའི་སྐུ་དུས་བརྙེས་ཞེས་བརྗོད། །དེ་ནི་མ་བརྟག་གཏམ་ཡིན་ཏེ། །ཆོས་རྒྱལ་འདིའི་རིང་རྒྱ་གར་ནས། །བི་བྱི་བི་ལྷ་གཉིས་བྱོན་ཏེ། །འཕགས་ཡུལ་གསོ་དཔྱད་བོད་ཡུལ་དུ། །སྤེལ་བའི་ཐོག་མར་དབུ་བརྙེས་ལས། །འདི་དུས་བོད་ཀྱི་གསོ་དཔྱད་དབུ། །བརྙེས་པར་བརྗོད་ན་མངོན་སུམ་འགལ། །གངས་ཅན་བོད་ཀྱི་གསོ་དཔྱད་ནི། །གཉའ་ཁྲི་བོད་རྗེར་མ་བྱོན་གོང་། །སྟོན་པ་གཤེན་རབ་མི་བོ་ཆེ། །ཞང་ཞུང་འོལ་མོ་ལུང་རིང་བལྟམས། །དཔྱད་སྡེ་ཉི་ཁྲི་ཆིག་སྟོང་མཛད། །དཔྱད་བུ་ཁྲི་ཤེས་ལ་སོགས་པའི། །རྗེས་འཇུག་མཁས་པ་མང་བསྐྱངས་ནས། །བོད་ཡུལ་གསོ་དཔྱད་བསྟན་སྤེལ་ཞེས། །གཡུང་དྲུང་བོན་ལ་རླུང་ལྟར་གྲགས། །དེས་ན་བོད་ཀྱི་གསོ་དཔྱད་དབུ། །གཡུང་དྲུང་བོན་གྱི་དུས་སུ་བརྙེས། ། ” ཞེས་དང་།
ཟུར་མཁར་བ་བློ་གྲོས་རྒྱལ་པོས་མཛད་པའི་ཤེས་བྱ་སྤྱིའི་ཁོག་དབུབས་ལས། ” ལྷ་ཐོ་ཐོ་རི་སྙན་ཤལ་གྱི་རིང་ལ་གསོ་དཔྱད་ཀྱི་དབུ་བརྙེས་ཟེར་བ་དེའང་མ་ངེས་ཏེ། བོན་པོ་ལ་བརྟེན་པའི་གསོ་དཔྱད་ཇི་སྙེད་ཅིག་ཡོད་ལ། བོན་པོ་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་པ་དང་དུས་མཚུངས་སུ་གཤེན་རབ་མི་བོ་ཆེ་ཞེས་བྱ་བ་པུ་རངས་སུ་བྱོན་པར་བཤད་པའི་ཕྱིར་རོ། ། ” ཞེས་དང་།
མཁས་མཆོག་དེལ་དམར་བ་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་རིན་ཆེན་དབང་པོ་རིལ་བུ་གསུམ་གྱི་ལག་ལེན་གསལ་བའི་བསྟན་བཅོས་ཟབ་གསལ་སྙིང་ཐིག་ལས། ” ཞང་ཞུང་ལུགས་ཀྱི་དྲང་སྲོང་དཔྱད་བུ་ཁྲི་ཤེས་ཀྱིས་མཛད་པའི་དུག་བཅོས་གཡུང་དྲུང་འཁྱིལ་བ་ལས། སྔོན་དུས་སྟོན་མཆོག་དབང་པོ་གཤེན་རབ་ཀྱིས། །སྐྱབས་གནས་སྲུང་མར་བཅས་ལ་རིན་ཆེན་དང་། །འབྲུ་སོགས་མཆོད་པ་ཕུལ་ནས་དམོད་འདི་བོར། །སྙིགས་དུས་མ་རུང་བདུད་ཀྱི་སྤྲུལ་པ་འགས། །ཟས་ངན་དུག་སྦྱོར་ཉེས་པ་ཡོད་མིན་གྱི། །མི་ཆེན་སྲོག་ལ་ཧུར་ཐུམ་བྱེད་དུས་སུ། །དེ་ཉིད་འཇོམས་བྱེད་སྨན་མཆོག་རིན་པོ་ཆེ། །མཐུ་ལྡན་རང་བྱུང་དངོས་གྲུབ་སྩལ་དུ་གསོལ། །གསུངས་པས་ལྷུང་བཟེད་ནང་དུ་དངོས་གྲུབ་ཀྱི། །རིལ་བུ་རིགས་ལྔ་བྱུང་བ་ཕྱོགས་བཅུར་བོར། །ཕྱོགས་ཀུན་ཁྱབ་ནས་འགྲོ་ལ་ཕན་པར་ཤོག །ཅེས་གསུངས་དབང་གིས་གནས་ལ་མ་ངེས་པར། །སྲོག་ཆགས་ཀུན་དང་ཁྱད་པར་རྨ་བྱ་སོགས། །སྲོག་རྩ་རྭ་རྩེ་མཁྲིས་པ་ཀླད་པ་དང་། །ཕོ་ལོང་རྒྱུ་མ་མཆིན་པ་སོགས་ལས་འབྱུང་། །རྒྱ་གར་སྨན་གྱི་ནགས་སུ་སྐྱེས་པའང་ཡོད། །ཡུལ་དེའི་གླ་བ་དཀར་མོ་སྨན་ཟ་བའི། །རྩི་ཤའི་ཁ་ལྟེམ་དག་ལས་ངེས་པར་འབྱུང་། ། ” ཞེས་སོགས་གསུངས།
ཐུའུ་ཀྭན་བློ་བཟང་ཆོས་ཀྱི་ཉི་མས་མཛད་པའི་གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་བསྟན་པ་ལེགས་བཤད་ཤེལ་གྱི་མེ་ལོང་ལས། ” བོད་ཡུལ་མུན་པར་དམ་ཆོས་ཉི་མའི་འོད། །འཆར་བའི་ལམ་ཡངས་འཆའ་བར་གཤེན་ལུགས་ཀྱི། །སྐྱ་རེངས་ཕོ་ཉ་སྔོན་དུ་འོང ་པ་ལ། །བོན་ཞེས་གྲགས་པའི་གྲུབ་མཐའི་བྱུང་བ་གླེང་། ། ” ཞེས་གསུངས།
སི་ཏུ་པདྨ་དབང་མཆོག་རྒྱལ་པོའི་རིན་ཆེན་གཏེར་མཛོད་ཀྱི་རྟོགས་བརྗོད་ངོ་མཚར་བདུད་རྩིའི་འབྱུང་གནས་ལས། ” བོན་པོའང་སྤྱིར་སངས་རྒྱས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་རོལ་གར་ཡིན་ཅིང་། ཁྱད་པར་དུ་ཨོ་རྒྱན་དུས་གསུམ་མཁྱེན་པ་བོད་དུ་ཕེབས་ནས་བོན་རྣམས་གཏེར་དུ་གཤེགས་པར་མཚོན་ཡང་དག་པའི་གྲུབ་མཐའ་ཡིན། ” ཞེས་གསུངས།
ད་རུང་པདྨ་བཀའ་ཐང་གཞན་འགའ་དང་། དེ་མིན་རྒྱལ་རབས་ལོ་རྒྱུས་རྣམ་ཐར་འགའ་ཤས་ནས། བོན་ལ་གཉའ་ཁྲི་སྐབས་ནས་ཐེག་པ་རིམ་དགུ་ཡོད་ཚུལ་གསལ་བར་བཤད་པ་ཡོད་པ་ཐོས་ཀྱང་ད་ལན་དེ་ཙམ་མོ། །
ཞུ་འོད་རྒྱས་པས་ཟླ་དགོན་རི་ཁྲོད་དུ་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༦ ཉིན་བྲིས།། །།