ལོ་གསར་ཉིན་ཧོར་ཟླའི་ལོ་གསར་གླེང་བ།
རྩོམ་བྲིས་པ། དགེ་ཧི་མ་ལ་ཡའི་རྒྱལ་སྲས།
ལོ་གསར་ཉིན་ཧོར་ཟླའི་ལོ་གསར་གླེང་བ།
དེ་རིང་འཕྲིན་སྟེགས་དང་ཁ་པར་སོགས་ཀྱི་ལམ་ནས་ལོ་གསར་པའི་ཁ་གཡང་འབོད་མཁན་གང་མང་བྱུང་བས་ཚང་མར་བཀའ་དྲིན་ཆེ་ཞུ་བ་དང་། ལོ་གསར་པའི་ནང་རྣམ་པ་ཚོ་ཡང་སྐུ་གཟུགས་གསལ་དངས་དང་ཁྱེད་དག་གི་མཛད་འཆར་གང་ཡོད་གེགས་མང་ངང་མྱུར་འགྲུབ་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད།
ངས་ཁར་སྔོན་སོ་ནམ་ལོ་གསར་གྱི་སྐོར་ཅུང་ཙམ་གླེང་བ་བཞིན་དེ་རིང་ཡང་རྒྱ་ནག་གི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ཧོར་ཟླའི་ལོ་གསར་སྐོར་ཅུང་ཞིག་གླེང་བར་འདོད། རྒྱ་ནག་གི་ལོ་གསར་ནི་ནུང་ལིའི་ཞིའི་ཉི་(農曆新年 ) སྟེ་ ‘ཟླ་བསྟུན་ལོ་གསར་’ རམ་ཁྲུན་ཇིའི་( 春節 )སྟེ་ ‘དཔྱིད་གསར་དུས་ཆེན་’ ཞེས་འབོད། དེ་ནི་རྒྱ་ནག་སྐར་རྩིས་རིག་པའི་ལུགས་ལ་དུས་ཚིགས་འཛིན་པའི་རྒྱུ་སྐར་ཉེར་བཞི་ཡོད་པ་ལས་དང་པོ་ལི་ཁྲུན་(立春)ཞེས་པས་དཔྱིད་ཀྱི་འགོ་འཛིན་པ་དང་། དེའང་ཕྱི་ལུགས་ཀྱི་ལོ་ཐོ་ལྟར་རྒྱུ་སྐར་དེས་ཕྱི་ཟླ་གཉིས་པའི་ཟླ་འགོ་གཡས་གཡོན་དུ་ཉི་མ་གོ་ལའི་ཚང་ཐིག་ ༣༡༣ ཾལ་ཏག་ཏག་སླེབས་པ་དང་དུས་གཟེར་འགོ་འཛུག་པ་དང་། ཉི་མ་གོ་ལའི་ཚངས་ཐིག་ ༣༣༠ཾ ལ་སླེབས་པ་དང་མཇུག་རྫོགས་ཀྱིན་ཡོད། རྒྱ་རྩིས་ལྟར་ན་ཉི་མ་བྱང་བགྲོད་དང་ལྷོ་བགྲོད་གཉིས་ཀྱི་ནང་དུ་ལོ་རེའི་ཕྱི་ཟླ་དང་པོའི་མཇུག་ནས་ཉི་མ་དང་ཟླ་བ་གཉིས་རྒྱུ་ལམ་གཅིག་ཏུ་ཁེལ་བའི་དུས་ཤིག་ཡོང་གིན་ཡོད་ལ། སྐབས་དེར་ཟླ་བའི་གསལ་ཆ་རྒྱུན་ལྡན་ལྟར་མེད་པར་འགྱུར། འདི་ནའང་ཟླ་ནག་གམ་ཟླ་བ་གྲིབ་དུས་ཀྱང་ཟེར། དེ་རྗེས་ཉིན་ཤས་ནས་གོང་སྨྲས་ལྟར་ཉི་མ་གོ་ལའི་ཚངས་ཐིག་ ༣༡༣ཾ ཐོག་སླེབས་པ་དང་ཟླ་བ་གསར་པ་ཞེས་ཟླ་བ་ཉི་མའི་རྒྱུད་ལམ་ནས་ཡོལ་བས་ཟླ་བ་གསར་པའི་འགོ་འཛིན་པར་འདོད། དེ་བཞིན་སྐབས་དེར་རྒྱུ་སྐར་ཉེར་བཞིའི་དང་པོ་ལི་ཁྲུན་གྱིས་དཔྱིད་ཀྱི་དུས་ཚིགས་འཛིན་པས་དཔྱིད་གསར་དུས་ཆེན་ཞེས་འབོད་པ་ཡིན།
བོད་ཀྱི་ལོ་གསར་ངོས་འཛིན་སྟངས་མི་འདྲ་འགའ་སྟེ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། བོད་དུ་ལོ་འགོ་འཛིན་ཚུལ་མི་འདྲ་བ་དགུ་ཡོད་སྐོར། “ ཧོར་ཟླ་དང་པོ། ཧོར་ལུགས་དང་། ནག་རྩིས་ཁ་ཅིག གསོ་དཔྱད་པ། ཧོར་ཟླ་གཉིས་པ། མདོ་ཉི་མའི་སྙིང་པོ་སོགས་ཀྱི་ལུགས། ཧོར་ཟླ་གསུམ་པ། མདོ་གསེར་འོད་དམ་པ། ཕུག་ལུགས། དུས་འཁོར། ཧོར་ཟླ་བརྒྱད་པ། མཆིམས་ནམ་མཁའ་གྲགས་པ་སོགས་འདུལ་འཛིན་སྔོན་མ། ཧོར་ཟླ་དགུ་པ། པཎ་ཆེན་ཤཱཀྱའི་ཤྲི་སོགས་འདུལ་འཛིན་ཁ་ཅིག ཧོར་ཟླ་བཅུ་པ། རྗེ་ཙོང་ཁ་པ་སོགས་འདུལ་འཛིན་ཕྱི་མ། ཧོར་ཟླ་བཅུ་གཅིག་པ། ཁྱུང་ནག་དང་ཕུག་པ་དཔལ་མགོན། ཧོར་ཟླ་བཅུ་གཉིས་པ། མཁའ་འགྲོ་རྒྱ་མཚོའི་རྒྱུད། ནག་རྩིས་ཐོར་བུ་བཅས་འདོད་ཚུལ་མི་འདྲ་བ་ཡོད།” ཅེས་སོགས་གསུངས་པ་དང་། ད་དུང་ཧོར་ཟླ་དང་པོའི་ནང་ལོ་གསར་གཏོང་བའི་སྲོལ་འདིའི་སྐོར་ལ་ཁོང་གིས་ “དེང་སང་བོད་ལ་ཧོར་ཟླ་དང་པོ་ལ་བོད་ཀྱི་ལོ་གསར་བྱེད་པ་དང་ཟླ་བ་དང་པོ་ནས་བཅུ་གཉིས་པའི་བར་ལ་བོད་ཟླ་ཞེས་མི་བརྗོད་པར་ཧོར་ཟླ་ཞེས་བརྗོད་པའི་རྒྱུ་མཚན་ནི། ཡོན་རྒྱལ་རབས་ཀྱི་རྒྱལ་པོ་ཇིང་གེར་ཧན་གྱིས་རབ་བྱུང་བཞི་པའི་མེ་བྱི (༡༢༡༦) ལོའི་རྒྱ་རྩིས་དཔྱིད་ཟླ་ར་བ་སྟག་གི་ཟླ་བ་སྟེ་ཟླ་བ་བཅུ་གཅིག་པའི་ཡར་ངོའི་ཚེས་བཅོ་བརྒྱད་ལ་མི་ཉག་གི་ཡུལ་དུ་དམག་དྲངས་ནས་རབ་བྱུང་བཞི་པའི་མེ་ཕག (༡༢༢༧) ལོའི་རྒྱ་རྩིས་དཔྱིད་ཐ་འབྲུག་གི་ཟླ་བ་སྟེ་ཟླ་བ་གསུམ་པའི་ནང་མི་ཉག་གི་ཡུལ་ཡོངས་རྫོགས་མངའ་འོག་ཏུ་བསྡུས་ནས་དགའ་སྟོན་རྟེན་འབྲེལ་བྱས་པ་དེ་ལ་ལོ་གསར་དུ་རྩིས་ཏེ་ལོ་འགོ་བསྒྱུར་བ་དེ་ནས་བཟུང་ཧོར་ཡུལ་དུ་ལོ་འགོ་དེ་ལ་ལོ་གསར་གཏོང་སྲོལ་བྱུང་ཞིང་། བོད་དུ་ས་སྐྱས་དབང་བསྒྱུར་བྱེད་པ་ནས་ཧོར་ལུགས་ཀྱི་་སྲོལ་ལྟར་ལོ་ཟླ་རྩི་དགོས་པའི་བཀའ་ཕབ་སྟེ་རྒྱ་རྩིས་ཀྱི་ཟླ་བ་གསུམ་པར་བོད་ཀྱི་ལོ་གསར་གཏོང་སྲོལ་བྱུང་བ་ཡིན།” ཞེས་གསུངས་པར་བརྟག་ན་ཁོང་གིས་ཧོར་ཟླ་དང་པོའི་ལོ་གསར་ནི་བོད་ཀྱི་ལོ་གསར་གྱི་ལོ་འགོ་མིན་པར་ཧོར་ཇིང་གེར་ཧན་གྱིས་ཁམས་མི་ཉག་སོགས་དབང་དུ་བསྡུས་པའི་དགའ་སྟོན་ཞིག་ཏུ་འདོད་ཡོད།
ཡང་བཤད་ཚུལ་གཞན་པ་ཞིག་ནི་ (རེབ་གོང་རིག་གནས་སྒྱུ་རྩལ་ཞིབ་འཇུག) ཅེས་པར། “དེ་ནི་སྔོན་རྒྱ་གར་འཕགས་པའི་ཡུལ་གྱི་གྲོང་ཁྱེར་གཉན་ཡོད་དུ་སྟོན་པ་བཅོམ་འདན་འདས་སངས་རྒྱས་ནས་ལོ་བདུན་ཅུ་སོང་བའི་ཚེ། མུ་སྟེགས་རྗོགས་བྱེད་སོགས་ཀྱིས་འགྲན་སློང་བ་ལ་རྫུ་འཕྲུལ་གྱིས་བཅོམ་པའི་དུས་ནི་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་ཡིན་པ་དང་། དེའི་ཕྱིས་སུ་ཆོས་རྒྱལ་མྱ་ངན་མེད་སོགས་སྦྱིན་བདག་མཛད་དེ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བཙུགས་པར་བཤད་ཅིང་། སྔོན་བྱུང་དུས་ཁྱད་པར་ཅན་དེ་རྗེས་སུ་མཐུན་པར་གངས་རིའི་སྨན་ལྗོངས་སུ་རབ་བྱུང་བདུན་པའི་ས་གླང་ལོར་མི་དབང་གྲགས་པ་རྒྱལ་མཚན་སོགས་སྦྱིན་བདག་མཛད་དེ་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་ལྷ་སའི་གཙུག་ལག་ཁང་དུ་ལྷ་སའི་ཆོ་འཕྲུལ་ཆེན་མོའི་སྨོན་ལམ་བཙུགས་པར་མཛད། དེ་ནས་བཟུང་བོད་ཀྱི་ཡུལ་གྲུ་སོ་སོར་དར་ཁྱབ་བྱུང་བས་ལོ་སར་ནི་ཆོ་འཕྲུལ་སྨོན་ལམ་དང་འབྲེལ་བའི་དུས་སྟོན་སྨད་དུ་བྱུང་བ་ཞིག་ཏུ་རྩི་བཞིན་ཡོད།” ཅེས་སོགས་བོད་ཀྱི་ལོ་གསར་ཆོ་འཕྲུལ་སྨོན་ལམ་དང་འབྲེལ་བ་ཡོད་ཚུལ་བཤད་འདུག་ཀྱང་། གོང་གི་ས་གླང་ལོར་ཕག་གྲུའི་སྡེ་སྲིད་ཀྱིས་ཆོ་འཕྲུལ་སྨོན་ལམ་བཙུག་ལོ་ནི་ཕྱི་ལོ་ ༡༤༠༩ ལོར་ཡིན་སྟབས་དེས་ན་བོད་ཀྱི་ལོ་གསར་ཆེས་ཐུང་བའི་སྐྱོན་དང་། ལྷག་དོན་བོད་ཀྱི་ཤེས་རིག་གོམ་སྲོལ་དང་ལོ་རྒྱུས་སོགས་གང་ལའང་འབྲེལ་མེད་དུ་སྣང་།
ཧོར་ཟླའི་ལོ་གསར་འདི་དོན་ཡིན་རྒྱུ་ནི། ལོ་རྒྱུས་ཁག་ལས་རྒྱ་ཟ་ཀོང་ཇོ་བོད་དུ་ཕེབས་སྐབས་གཙུག་ལག་རྩིས་ཀྱི་སྐོར་རྒྱས་པ་ཁྱེར་ཡོང་བ་དང་། དེ་དང་མཉམ་དུ་རྒྱ་ནག་གི་གནའ་བོའི་སྲོལ་འདྲ་མིན་མང་དག་ཅིག་ཀྱང་ཁྱེར་ཡོད་པའི་ནང་ནས་བོད་ལ་མཁོ་བ་དག་དར་སྤེལ་བྱས་ཡོད་པར་གསལ་ཡོད། ལོ་རྒྱུས་རིག་པ་བ་རྒན་འབྲུག་ཐར་ལགས་ཀྱིས་ “ སུང་རྒྱལ་རབས་སྐབས་ནས་བཟུང་བོད་རྩིས་དང་རྒྱ་རྩིས་སམ་ལུགས་རྙིང་ལོ་ཐོ་གཅིག་གྱུར་བྱུང་བ་དང་། ཡོན་རྒྱལ་རབས་སྐབས་བོད་རྩིས་ཧ་ཅང་འཐུས་ཚང་ཞིག་ཆགས་པ་དང་། ལོ་གསར་གཏོང་སྟངས་ཀྱང་གཏན་འཇགས་བྱུང་།” ཞེས་གསུངས་པར་བརྟག་ན་ཧོར་ཟླ་དང་པོའི་ལོ་གསར་འདི་རྒྱ་ནག་གི་སྐར་རྩིས་དང་སྦྲེལ་ནས་ཡོང་བའི་རྒྱ་ཡི་ལུགས་སྲོལ་གྱི་ལོ་གསར་དེ་ཡིན་པར་ངེས།
རྒྱུ་མཚན་ནི། ལོ་ལྟར་ཧོར་ཟླའི་ལོ་གསར་ནི་རྒྱ་ནག་གི་ལོ་གསར་རམ་དཔྱིད་གསར་དུས་ཆེན་དང་མཉམ་དུ་ཁེལ་བཞིན་ཡོད་ལ། གོང་དུ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་ཧོར་ཟླའི་ལོ་གསར་འདི་བོད་དུ་མ་དར་གོང་ཧོར་ཡུལ་ཏེ་སོག་པོའི་ལུང་པར་གཏོང་སྲོལ་བྱུང་བར་བཤད་པ་ལྟར། སོག་པོའི་ལོ་གསར་གྱི་བྱུང་རབས་ཁག་ལ་བརྟག་ན་ཕྱི་ལོ་ ༡༢༢༧ གོང་ནས་ལོ་གསར་གཏོང་སྲོལ་ཡོད་པར་མ་ཟད་ལོ་གསར་གྱི་མིང་ལ་ཚ་གན་གསར་ (Tsagaan Sar) རམ་ ‘ཟླ་བ་དཀར་པོ་’ སྟེ་ཕྱི་ཟླ་གཉིས་པའི་ཟླ་སྟོད་ནས་དཔྱིད་ཀྱི་འགོ་ཚུགས་ནས་ས་ཆུ་ལ་དྲོད་འབེབ་པ་དང་། དེ་བཞིན་གོང་གི་རྒྱ་རྩིས་ལྟར་ནམ་དུས་དེར་ཟླ་བ་ཉི་མའི་གྲིབ་ལམ་ནས་ཐོན་ཏེ་ཟླ་བ་གསར་པ་འགོ་ཚུགས་པར་འདོད་ཀྱིན་ཡོད། དེ་བཞིན་ལོ་གསར་གོང་འོག་གི་ཉིན་གྲངས་རྣམས་སུ་མཛད་སྒོ་དང་ཆོ་ག་སྤེལ་སྟངས་སོགས་རྒྱ་ནག་གི་ལུགས་དང་འདྲིས་པ་ཤིན་ཏུ་མང་། ཡང་ལོ་རྒྱུས་འགའ་ཞིག་ནང་སོག་པོའི་ལོ་གསར་འདི་ཧོར་གྱི་རྒྱལ་པོ་ཀུབ་ལི་ཧན་གྱིས་ ༡༢༧༩ ནང་རྒྱ་ནག་ཏུ་ཡོན་རྒྱལ་རབས་བཙུག་སྟེ་གོང་མའི་ཁྲི་ལ་འཁོད་པ་ནས་སྲོལ་བྱུང་བར་བཤད་ཀྱང་། གོང་དུ་དུང་དཀར་སོགས་ཀྱིས་གསུངས་པའི་ལོ་ཚིག་དང་ཆེས་འཕྱི་བས་སོག་པོའི་ལོ་གསར་དེའི་གོང་ནས་གཏོང་སྲོལ་ཡོད་པར་བཤད་ཟིན། གང་ལྟར་ཕྱི་ལོ་ ༡༢༢༧ ནང་ཧོར་ཇིང་གྷིས་ཧན་གྱིས་མེ་ཉག་སོགས་ཁམས་ཁུལ་དབང་དུ་བསྡུས་པའི་བྱས་རྗེས་དེ་སྔར་ཡོད་སོག་ཡུལ་དུ་རྒྱ་ཡི་ལོ་གསར་གཏོང་བའི་སྲོལ་ཡོད་པའི་ཟླ་བ་དང་སྟབས་ཁེལ། དེ་རྗེས་རིམ་པར་བོད་དུའང་སྔ་སྲོལ་རྒྱ་རྩིས་རྙིང་མའི་ལུགས་སམ་ཟླ་བ་དེར་རྒྱ་ཡི་ལོ་གསར་གཏོང་བའི་སྲོལ་ཡོད་ཁར་ཧོར་ཇིང་གྷིས་ཧན་དང་ས་སྐྱ་བས་རིམ་པར་ལོ་གསར་གཏོང་སྲོལ་དེ་བོད་ཁུལ་དུ་ཤུགས་ཆེན་དར་བའི་མཐུན་རྐྱེན་བྱས་ཡོད་པ་ནི་མངོན་གསལ་དོད་པོ་རེད་སྙམ།
དེ་ལྟར་ཞིབ་ཏུ་དཔྱད་ཚེ་ཧོར་ཟླ་དང་པོའི་ཚེས་གཅིག་གི་ལོ་གསར་འདི་ནི་བོད་རང་གི་རྒྱལ་རབས་ལོ་རྒྱུས་དང་འབྲེལ་བ་ཁྱོན་ནས་མེད་པའི་རྒྱ་ཡི་དཔྱད་རྩིས་རིག་པའི་ལུགས་ཏེ་རྒྱ་ཡི་ལོ་གསར་དང་། དེ་དང་མཉམ་དུ་ཧོར་ཇིང་གྷིས་ཧན་གྱིས་མི་ཉག་སོགས་ཁམས་ཁུལ་རྩ་མེད་བཏང་བའི་དུས་ཚིགས་གལ་ཆེན་ཞིག་ཀྱང་སྟེས་དབང་དུ་འཕྲད་པར་རེད་འདུག་སྙམ་མོ།། །།
དགེ་ཧི་མ་ལ་ཡའི་རྒྱལ་སྲས་ཀྱིས་ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༨ ཉིན་ནུབ་ཕྱོགས་དྷོ་ནཱའོ་གཙང་པོའི་འགྲམ་དུ་བྲིས།