གཡུང་དྲུང་བོན་གྱི་ལུགས་ལ་བོན་ཚོགས་སློབ་གླིང་སྐོར་ཇི་ལྟར་ཡིན།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཤེས་རབ།
ལན། སྤྱིར་ཞང་བོད་ཁ་བའི་ལྗོངས་སུ་ཕྱི་ལོ་སྔོན་ ༡༡༩༦ ལོར། རྟག་གཟིགས་ཀྱི་མཁན་པོ་རྫུ་འཕྲུལ་ཡེ་ཤེས་ཀྱིས་སྟོན་པའི་གདུང་ཤ་རི་རམ་ལྔ་བརྒྱ་དང༌། འདུལ་བ་རྒྱུད་དྲུག་སོགས་བོན་སྡེ་མང་པོ་རྟག་གཟིགས་ནས་བསྣམས་ཕེབས་ཏེ། ཞང་ཞུང་སྤོས་རི་ངད་ལྡན་གྱི་ཤར་བརྒྱུད་ཏྲག་ལུང་ན་བ་དམར་ལྡིང་བོན་ཕུག་ཏུ་དྲུང་མུ་ཁྲི་རྩེའི་ལྷ་སྡེ་ཆེན་པོ་སོགས་བཞེངས་ནས་ཞང་བོད་ཁམས་སུ་འདུལ་བསྟན་དབུ་ཚུགས་ནས་དགོན་གནས་སློབ་གླིང་བསྐྲུན་གནང་བ་དང་། དེ་བཞིན་ཕྱི་ལོའི་སྔོན་ ༡༡༣༧ ལོར་རྗེ་གཉའ་ཁྲི་བཙན་པོ་བོད་རྗེ་ཐོག་མར་མཚན་གསོལ་བ་ནས་བཟུང༌། གཉའ་ཁྲི་བཙན་པོས་གཡུང་དྲུང་ལྷ་རྩེའི་གསས་ཁང་ཕྱག་བཏབ། ལྷག་པར་བོད་རྒྱལ་གཉིས་པ་མུ་ཁྲི་བཙད་པོས་སྟོད་ཁྱུང་ལུང་དངུལ་མཁར་ནས་དམའ་ཤེལ་ལེ་རྒྱ་སྐར་ཁྱུང་པོ་རྩེ་དྲུག་ཡན་ཆོད་ལ་སྔགས་ཀྱི་སྒྲུབ་སྡེ་སུམ་ཅུ་རྩ་བདུན་ཕྱག་བཏབ། ཅེས་གསུངས་པའི་སྒྲུབ་སྡེའམ་བོན་ཚོགས་སློབ་གླིང་སུམ་ཅུ་རྩ་བདུན་ནི། སྒྲ་འགྲེལ་ལས། དབུ་རུ་ན་འདུ་གནས་བཅུ་གསུམ། གཡོན་རུ་ན་བདུན། གཡས་རུ་ན་བརྒྱད། རུ་ལག་ན་དགུ་སྟེ་སོ་བདུན་ནོ། །
ཞེས་པའིདབུ་རུའི་བཅུ་གསུམ་ནི། ངན་ལམ་རལ་གསུམ། འདམ་ཤོད་སྣར་མོ། འཕན་ཡུལ་སྲབ་དཀར། མལ་དྲོ་བ་རབ། ཤུན་གྱི་བྲག་དམར། ཧས་པོ་རི་ཐང་། ལྷ་ས་ཡེར་པ། གནམ་གྱི་ར་གད། གནམ་མཚོ་དོ་རིང་། སྟོད་རིས་ལུང་གསུམ། སྐྱི་ཤོད་ལུང་ནག རེ་རྐྱང་ཤ་མཐའ། མཆོག་གོན་རྒྱ་མོ་ཁང་དང་བཅུ་གསུམ།
གཡོན་རུའི་བདུན་ནི། འོལ་ཀ་ཤུག་ཅིག །ཉང་ཡུལ་ཤིང་ནགས། ཀོང་ཡུལ་བྲེ་སྣ། གཡའ་ལུང་གངས་སར། ཡར་ལུང་སོག་དཀར། ཀླུམ་ཤོད་ཐང་དཀར། མལ་དྲོ་མཚོ་ཤོད་དང་བདུན།
གཡས་རུའི་བརྒྱད་ནི། འུ་ཡུག་ས་ནག ཤངས་ཀྱི་ཞང་ཚལ། གྲུད་ཀྱི་མཁར་གདོང་། རྟ་ནག་རྒྱང་ཕུ། འཇད་ཀྱི་རྐྱང་མཁར། སྟ་བུ་དྲོན་ལྷས། གཙང་གི་གྱེར་ཕུག ཟང་ཟང་ལྷ་བྲག་དང་བརྒྱད།
རུ་ལག་དགུ་ནི། ཉང་སྟོད་སྟག་ཚལ། ཆུ་མགོ་རྡོ་རིང་། མཁར་ཆེན་བྲག་དཀར། མཚོ་ལྔའི་འདྲིལ་ཆུང་། གཉའ་རྩེ་ཐང་ཤོད། གྲམ་པ་ཁའུ། རག་ཟ་ཐང་ཟླམ། མང་དཀར་མདོ་ཕུག ལྷ་ཡུལ་གྲ་ཐང་དང་དགུའོ། །
དེ་དང་མཚུངས་ཡོངས་གྲགས་བོན་གྱི་གྲྭ་ས་གོང་འོག་བར་གསུམ་སྟེ། གོང་མ་༸དཔལ་ལྡན་གཙང་བཀྲིས་སྨན་རི་གླིང་། བར་པ་དྲུད་ཀྱི་མཁར་གདོང་ངམ་མཁར་སྣ་བསམ་གཏན་གླིང་། འོག་མ་རབ་ལེགས་གཡུང་དྲུང་གླིང་དང་གསུམ་ཡིན་ལ། ཕྱི་དར་བསྟན་པའི་སྲོལ་འཛིན་དམུ་རིགས་གཤེན་དང༌། རྒྱལ་བ་བྲུ། དབང་ལྡན་ཞུ། གྲུབ་ཐོབ་སྤ། མཁས་པ་རྨེའུ། དམ་པ་ཁྱུང༌། སྨད་དུ་ཞིག་པོ་བཅོ་བརྒྱད་སོགས་ཀྱི་གདན་ས་ཁག་ཀྱང་ཡོད། དེ་བཞིན་ད་ལྟའི་ཆར་རྒྱལ་ཕྱི་ནང་ཡུལ་གྲུ་ཁག་ཏུ་བོན་གྱི་སློབ་གླིང་དགོན་སྡེ་བཞི་བརྒྱ་ལྷག་ཅིག་ཡོད།