གཡུང་དྲུང་བོན་གྱི་གྲྭ་ས་ལྟེ་བ་གཙང་ཐོབ་རྒྱལ་༸དཔལ་ལྡན་བཀྲིས་སྨན་རིའི་གླིང་དུ་ལོ་ལྟར་སྒྲུབ་པ་བཅུ་གཉིས་འཚོགས་གནང་གི་ཡོད་པ་དེ་དག་གང་དང་གང་ཡིན་ནམ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཤེས་རབ།
ལན། དེའི་སྐོར་ཁ་གསལ་ཞིག་ཤར་ཡུལ་ཕུན་ཚོགས་ཚེ་རིང་གིས་བརྩམས་པའི་བོད་ནང་གི་བོན་དགོན་ཁག་གི་ལོ་རྒྱུས་ནང་གསེས་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་གཙང་ཐོབ་རྒྱལ་བཀྲ་ཤིས་སྨན་རི་དགོན་པའི་ངོ་སྤྲོད་མདོར་བསྡུས་ལས་འདིར་ཟུར་ཕྱུང་ཞུས་ན།
“དེ་བཞིན་དགོན་འདི་གཡུང་དྲུང་བོན་དགོན་ཡོངས་ཀྱི་རྩ་བའི་གྲྭ་ས་གལ་ཆེན་ཡིན་སྟབས་ཧོར་ཚོ་པ་སོ་དགུ་ཡིས་གཙོས་པའི་སྟོད་སྨད་བར་གསུམ་གྱི་དད་ལྡན་སྐྱེ་བོ་སེར་སྐྱ་ཡོངས་ཀྱི་རེ་སྐུལ་ལྟར་ལོ་ལྟར་སྒྲུབ་ཁང་དམར་པོའི་ནང་དུ་གྲྭ་བཙུན་བཅུ་ལྷག་ཙམ་གྱིས་ཡི་དམ་བཀའ་ཆེན་རྣམས་ཀྱི་སྒྲུབ་པ་ཁག་བཅུ་གཉིས་ཡོད་པ་སྟེ། ༡༽ ཧོར་ཟླ་དང་པོའི་ཚེས་བཅུ་གཉིས་ནས་བཅོ་བརྒྱད་བར་དྲན་པ་གསང་བའི་སྒྲུབ་པ། ༢༽ ཧོར་ཟླ་གཉིས་པའི་ཚེས་བཅུ་གཉིས་ནས་ཧོར་ཟླ་གསུམ་པའི་ཚེས་བཅོ་བརྒྱད་བར་དབལ་གསས་ཚོགས་འཁོར་དང་ཉིན་ལྟར་བསྐངས་འབུམ་ཚར་རེ། ༣༽ ཧོར་ཟླ་བཞི་པའི་ཚེས་བཅུ་གཉིས་ནས་ཚེས་བཅོ་བརྒྱད་བར་མུན་སེལ་སྒྲོན་མེ་དང། སྨྲ་སེང་སྒྲུབ་དགོས། ༤༽ ཧོར་ཟླ་ལྔ་པའི་ཚེས་བཅུ་གཉིས་ནས་ཚེས་བཅོ་བརྒྱད་བར་བོན་སྐྱོང་སྒྲུབ་པ། ༥༽ ཧོར་ཟླ་དྲུག་པའི་ཚེས་བཅུ་གཉིས་ནས་ཚེས་བཅོ་བརྒྱད་བར་རྣམ་པར་རྒྱལ་མ་སྒྲུབ་པ། ༦༽ ཧོར་ཟླ་བདུན་པའི་ཚེས་བཅུ་གཉིས་ནས་ཚེས་བཅོ་བརྒྱད་བར་རྣམ་དག་སྒྲུབ་པ། ༧༽ ཧོར་ཟླ་བརྒྱད་པའི་ཚེས་བཅུ་གཉིས་ནས་ཚེས་བཅོ་བརྒྱད་བར་གསང་དྲག་སྒྲུབ་པ། ༨༽ ཧོར་ཟླ་དགུ་པའི་ཚེས་བཅུ་གཉིས་ནས་ཚེས་བཅོ་བརྒྱད་བར་ཡི་དམ་ཕུར་པའི་སྒྲུབ་པ། ༩༽ ཧོར་ཟླ་བཅུ་པའི་ཚེས་བཅུ་གཉིས་ནས་བཅོ་བརྒྱད་བར་ཚེ་དབང་གཞུང་བཞི། ༡༠༽ ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་གཉིས་ནས་བཅོ་བརྒྱད་བར་མཁའ་ཀློང་སྒྲུབ་པ། ༡༡༽ ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ནས་བཅོ་བརྒྱད་བར་ཡི་དམ་ཁྲོ་བོ་སྒྲུབ་པ། ལོ་གཉིས་གསུམ་ཟླ་ལྷག་ཡོད་ཚད་ལ་ལྷ་རྒོད་སྒྲུབ་པ་བཅས་སྔར་ཀྱི་མཛད་སྲོལ་མི་ཉམས་ཡུན་དུ་གནས་པ་བཅས་སོ།” ཞེས་གསུངས་པ་ལྟར་ཡིན་ནོ། །