གཡས་རུའི་ཨ་ཁྲིད་ཕྱོགས་བསྡུས་ཆེན་མོའི་མཚམས་སྦྱོར་ངོ་སྤྲོད།
རྩོམ་བྲིས་པ། དགེ་བཤེས་ཁྱུང་གི་ཤེས་རབ།
སྤྲུལ་པའི་གཏེར་སྟོན་གཤེན་ཆེན་ཀླུ་དགའ་མཆོག་ {སྤྱི་ལོ་ ༩༩༦ ལོར་འཁྲུངས། ༡༠༣༥ ལོར་འདས།} གིས་བསྟན་པ་རིན་པོ་ཆེ་སྤྱན་དྲངས་པ་ནས་ཡོངས་གྲགས་སུ་བསྟན་པ་ཕྱི་དར་གྱི་དབུ་ཚུགས་པ་རུ་གླེང་བཞིན་གདའ། གཏེར་ཆེན་འདི་པའི་དངོས་སློབ་མཆོག་གྱུར་གྱི་བུ་ཆེན་བཞི་ལས། ཞུ་ཡས་ལེགས་པོས་{སྤྱི་ལོ་༡༠༠༢ ལོར་འཁྲུངས། ༡༠༦༧ ལོར་འདས} དཀའ་སྤྱད་དུ་མ་གནང་ནས་རྫོགས་པ་ཆེན་པོ་བྱང་སེམས་གབ་པའི་ཚིག་དོན་ལ་མཁས་དང་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པར་མཛད། ཁོང་གི་སྲས་ལྷ་རྗེ་སྐྱིད་པོ་དང་ཞུ་སྐྱིད་མཁར་བའམ་སྐྱེ་སེ་སྨྲ་བའི་སེང་གེ་དང་གཉིས་བྱོན་ལ། { སྐྱེ་སེ་ཆེན་མོ་སྐྱིད་པོའི་སྲས་སུ་བཤད་པ་ཞུ་སྒོམ་འཁྲུལ་ཞིག་སྐྱེ་སེའི་སྲས་སུ་བཤད་པ་སྐུ་མཆེད་དུ་གསུངས་པ་སོགས་མི་མཐུན་
པ་སྣང་} སྐྱེ་སེ་ཆེན་པོའི་སྲས་ཞུ་སྒྲོལ་བ་རིན་པོ་ཆེ་ཡིན་ལ། འདི་པས་གསས་མཁར་ཟོ་བོ་ཁྱུང་ལག་བཞེངས་བསྐྲུན་གནང་ཞིང། ཉིན་རེར་སློབ་མ་རྣམས་ལ་འཆད་ཁྲིད་ཐུན་དགུ་རེ་ཙམ་གནང་། སྤྱིར་ན་གཤེན་ཆེན་ཀླུ་ཡི་དབང་པོ་ནས་བྱུང་བའི་གབ་པའི་ཚིག་དོན་གྱི་རྒྱུད་རིམ་རི་ཞིང་བས་རྒྱུད་འཛིན་གནང་སྟངས་ནི་ཞུ་ཡབ་སྲས་ནས་བཀའ་རྒྱུད་གསེར་ཕྲེང་ལྟར་རོ། ད་གཟོད་ཞུ་ཡི་རུས་རྐང་ལ་འཁྲེང་བའི་སྐལ་ལྡན་དག་འབྱུང་སྲིད་ཚེ། བླ་མ་གཤེན་ནས་ཞུ་ལ་ཐུན་་མོང་མ་ཡིན་པའི་བགོ་སྐལ་གནང་བ་སྐྱེ་སེ་སྨྲ་བའི་སེང་གེ་ཡབ་སྲས་རྣམས་པའི་ཐུགས་དམ་བྱང་སེམས་གབ་པའི་ཚིག་དོན་ལ་བློ་སྦྱོང་དགོས་པ་དོན་གྱི་ཐོབ་ཡོད། ཡབ་སྲས་འདི་རྣམས་པའི་སྐུ་རིང་ལ། བྱང་སེམས་གབ་པའི་དགོངས་ཀློང་ཡེ་ཤེས་ཆེན་པོ་ལ་མངའ་དབང་སྒྱུར་བའི་མཁས་གྲུབ་དབྱར་ཆུ་རྒྱས་པ་བཞིན་དུ་འབྱུང་བའི་དབུ་ཚུགས་པ་ནི་ལོ་རྒྱུས་ཀྱི་ལམ་ནས་ང་ཚོས་ཤེས་བཞིན་ཡོད།
རྨེའུ་སྟོན་སྒོམ་གཉིས་ལས་དགོངས་མཛོད་རི་ཁྲོད་ཆེན་པོས། {སྤྱི་ལོ།{༡༠༣༨ ལོར་འཁྲུངས། ༡༠༩༦ ལོར་འདས } ཞུ་སྐྱེ་སེ་ཆེན་མོའི་ཞབས་ལ་གཏུགས། བླ་མ་གཤེན་ནས་བརྒྱུད་པའི་བྱང་ཆུབ་ཀྱི་སེམས་གབ་པ་མངོན་དུ་གྱུར་ནས་དགོངས་པའི་མངའ་བདག་ཏུ་གྱུར། དགོངས་མཛོད་ཆེན་མོའི་སློབ་མ་གདམ་པ་འདིའི་མངའ་བདག་ཏུ་གྱུར་པ། ཤུགས་འབྱུང་གཉུག་མའི་རྣལ་འབྱོར་པ་རྟོགས་ལྡན་སྒོམ་ཆེན་འབར་བས། ཇོ་མོ་གངས་ཀྱི་སྒྲུབ་གནས་སུ་བྱང་སེམས་གབ་པ་རྟོགས་ཚད་གདེང་དང་ལྡན་པར་མཛད། བླ་མ་དེའི་སློབ་མ་ནི་ནམ་མཁའི་བྱ་ལའང་སྒོམ་ཐེབས་པའི་གྲུབ་ཆེན་ཁྱུང་སྒོམ་ཇོ་གཡུང་མཆོག་གིས། སྙེ་མོ་གླང་ར་ཕག་བུའི་སྒྲུབ་གནས་སུ། བྱང་སེམས་གབ་པའི་དོན་ལ་མྱོང་རྟོགས་གྲོལ་བ་ཐོབ་པར་བྱས་སོ། གྲུབ་ཆེན་ཇོ་གཡུང་གི་སློབ་མ་ཞང་འབྲི་ལུང་བ་ཆེན་མོ་དོན་ལྡན་དམ་པ་ཚུལ་ཤེས་ནས། བཀྲ་ཤིས་འབྲི་ལུང་དགོན་པར་བྱང་སེམས་གབ་པའི་ལྟ་སྒོམ་མངོན་དུ་གྱུར་ནས། མཐར་ཐུག་རང་ས་ཟིན་པར་བྱས་པའོ། གཞན་རྗེས་སུ་འཛིན་པའི་ཕྱིར་དུ་དགོངས་མཛོད་ཆེན་པོས་གསུངས་པའི་སྒོམ་རིམ་ཆེ་འབྲིང་ཆུང་གསུམ་དང་གགས་སེལ་སོགས། བླ་མ་གྲུབ་ཐོབ་རྣམས་ཀྱི་མན་ངག་དུ་མའི་གནད་རྣམས་གཅིག་ཏུ་བསྡུས་ཏེ། གགས་སེལ་གཞུང་བཞིར་བསྒྲིགས་པ་ལ། ༼ པོ་ཏི་འདིར་བཞུགས་པ་༽ཤས་ཆེར་ནད་ཀྱི་གགས་སེལ་བར་བྱེད་པ། རིན་ཆེན་རྒྱ་མདུད་ ལྡེབ་མ་{༢༣}། སྡུག་བསྔལ་ཞི་བྱེད་ལྡེབ་མ་{ ༢༣}། ཤས་ཆེར་དགེ་སྦྱོར་གྱི་གགས་སེལ་བ་ལ་ཞལ་གདམ་རིན་པོ་ཆེ་དུམ་དུམ་ཁྲིགས། ལྡེབ་མ་{ ༣༧ }། གདམ་པ་ཉི་ཤུ་པ། ལྡེབ་མ་ {༡༣} ༼ ཞང་གི་རྣམ་ཐར་ལས་ཁ་འཐོར་གྱི་གདམ་པ་ཉི་ཤུ་རྩ་གཅིག་གསུངས་འདུག་པས་འདི་ཡིན་མིན་བསམ་དགོས་སོ།༽ བཅས་བཞུགས་པ་འདི་དགོངས་མཛོད་རི་ཁྲོད་ཆེན་པོ་སྟོན་འཁོར་རྣམས་པའི་ཕྱག་ལེན་འཆུག་པ་མེད་པ་ཞང་དམ་པ་ཚུལ་ཁྲིམས་ཤེས་རབ་ཀྱི་ཡི་གེར་བཀོད་པ་ཡིན་འདུག་གོ།
འདིའི་ཟུར་དུ་རིག་པ་རྐྱང་འདེད་བཞུགས། གསུངས་པའི་ལྡེབ་མ་འཕྲོ་མེད་ཅིག་འདུག་པ་མཉམ་དུ་བཞུགས་སུ་གསོལ་ཡོད། རྣམ་ཐར་དབུ་ལྡེབ་མེད་པ་ལྡེབ་མ་བདུན་ཅན་དང། རྣལ་འབྱོར་པ་སྲུང་བའི་མན་ངག་ལྡེབ་མ་གཉིས། འཆི་བརྟག་ཡང་ཆེད་ལྡེབ་མ་གཉིས་བཅས་བཞུགས་པར་བྱས་ཡོད། གཤམ་དུ་གཡོར་མེས་གསུངས་པ་རྣམས་ཀྱི་སྐབས་སུ། འདི་དག་ཡོང་གི་འདུག་ཀྱང་ཕྲན་གྱི་ལག་པར་བྱུང་བའི་ཕྱག་དཔེ་རྙིང་ཉམས་ཅན་མ་འདྲ་བ་གཉིས་བྱུང་བས་སྤུག་མའི་ཚུལ་དུ་བཀོད་པ་དག ཕྱིས་སུ་བསྟན་པ་འདི་ལ་གཅེས་སྤྲས་བྱེད་པའི་སྐལ་ལྡན་དག་ལ་ཞུ་དག་གི་མཐུན་རྐྱེན་ཙམ་དུའང་གོ་ཆོད་ན་སྙམ་པས་བཞུགས་པར་བྱས་སོ། །
སྤྱིར་ན་དུས་རབས་གོང་མའི་ཕྱག་དཔེ་དག་ཕྱིས་སུ་རིམ་པས་དག་ཞུ་བྱེད་ཁུལ་གྱི་བརྡ་གསར་དང་བསྟུན་ཅི་ཐུབ་བྱས་པ་འདི་དུས་བསྟུན་གྱི་གོམ་པ་སྤོས་པ་ཡིན་དུ་སྲིད་ཀྱང། དུས་སྐབས་དེའི་བརྡ་འགྲོས་གཟི་བརྗིད་འོད་སྟོང་འབར་བའི་ཞལ་ངོ་ལ། ཚོན་རྩི་དཀར་དམར་གྱི་འདམ་ཞལ་གཡོག་པ་འདིས། ཡག་ཏུ་སོང་ངམ་སྡུག་རུ་འགྲོ་མིན་ནི་བཤད་རྩ་མོ་ཞིག་རེད་མི་གདའ་འོ། ཞང་འབྲི་ལུང་པའི་སློབ་མ་རང་དང་ཞལ་མི་གཉིས་པ་གཡས་རུའི་སྟོན་པ་ཆེན་མོ་མཁས་གྲུབ་གཡོར་པོ་མེ་དཔལ་ {སྤྱི་ལོ་ ༡༡༣༤ ལོར་འཁྲུངས། ༡༡༦༨ ལོར་འདས } རིན་པོ་ཆེས། ཡར་ལྷ་ཤམ་པོ་སོགས་ཀྱི་སྒྲུབ་གནས་རྣམས་སུ། ཐེག་ཆེན་གབ་པའི་དོན་མངོན་དུ་གྱུར་ནས། སྣང་སེམས་བོན་སྐུ་རུ་ཤར་ཞིང་ཅི་བྱེད་དོན་དང་ལྡན་པར་གྱུར་རྟིང་། གཞན་དག་ཡང་དོན་དེ་ལ་ཁྲིད་པ་བདེ་བའི་ཆེད་དུ་བརྩེ་བ་ཆེན་པོས་རྗེས་སུ་བཞག་པའི་གཡས་རུའི་ཨ་ཁྲིད་ཆེན་མོ་འདི་ནི། རི་ཁྲོད་པ་ཡབ་སྲས་ཀྱི་མཛད་སྲོལ། སེམས་ཕྱོགས་སྤྱི་ཡི་རྒྱབ་སྐྱོར། བླ་ཆེན་གྱི་གདམ་པ་ལ་ཉིད་ཀྱི་ཉམས་མྱོང་གི་གསལ་བཏབ་པ། ཉམས་ཁྲིད་ཡི་གེར་བཀོད་པ། གཡས་རུའི་ཨ་ཁྲིད་ཆེན་མོར་གྲགས་པའི་སྐོར་འདི་ཉིད་། སྤྲོས་པ་ཚིག་གི་སྡེབ་སྦྱོར་ལ་གཙོ་བོར་མི་སྟོན་པར། དོན་དམ་གནས་ལུགས་ཟབ་མོའི་རང་མཚན་ཉེ་བཅར་དུ་སྟོན་པ། གང་ཟག་གི་བློ་ཚོད་ལ་ལྟོས་ནས། ལྡེམ་དགོངས་ཡ་ཡོ་ཅན་དུ་མི་སྟོན་པར། བོན་ཉིད་ཟབ་མོའི་གནས་ལུགས་ཐད་ཀར་དྲང་བདེན་དུ་སྟོན་པ་སོགས། ཟབ་གསལ་བརླིང་བའི་ཡོན་ཏན་ཡར་ལྡན་དུ་ཚང་བའི། ཐར་པའི་གྲོང་ཁྱེར་ཆེན་མོར་བགྲོད་འདོད་ཅན་པོའི་ལམ་ཡིག་རིན་པོ་ཆེ་འདིའི་བཞུགས་བྱང་འགོད་པ་ལ། བླ་མའི་རྣམ་ཐར་ལྡེབ་མ། { ༧ } འཚོགས་བཤད་འཁོར་ལོ་མ་ལྡེབ་མ། { ༨ } གཡོར་མེ་ཅན། {༧} ངོ་སྤྲོད་རིན་ཆེན་གསལ་འདེབས་ལྡེབ་མ། {༢༥} མཛད་པ་པོ་མཁས་གྲུབ་གཡོར་མེ། མན་ངག་ཁྲིད་རིམ་ལྡེབ་མ་{༩ } གཡོར་མེ་ཅན། གྲོལ་བ་མཐར་ཕྱིན་ལྡེབ་མ། { ༥ } གཡོར་མེ་ཅན། བོག་འདོན་ལྡེབ་མ། { ༤ } གཡོར་མེ་ཅན། འཇོག་བཤིག་སྐྱོང་གསུམ། ཐེག་ཆེན་སུམ་སྦྱོར། དགེ་སྦྱོར་ལམ་སློང་ལྡེབ་མ་{ ༦ } གཡོར་མེ་ཅན། རྩལ་སྦྱོང་མན་ངག་ལྡེབ་མ།{ ༦ } གཡོར་མེ་ཅན་ མན་ངག་ལམ་གྱི་བོགས་འདོན་ལྡེབ་མ། { ༥ } གཡོར་མེ་ཅན། མན་ངག་འཁོར་ལོ་སྤྱི་སྡོམ་ལྡེབ་མ། { ༨ } གཡོར་མེ་ཅན། དཔེ་གཞན་མན་ངག་སྤྱི་སྡོམ་ལྡེབ་མ། { ༩ } གཡོར་མེ་ཅན། གནད་འདུས་འཁོར་བ་དོང་སྤྲུགས་ལྡེབ་མ། { ༡༦ } གཡོར་མེ་ཅན། དཔེ་གཞན་གནད་འདུས་ལྡེབ་མ་{ ༡༦ }ལྡེབ་མ་༡༣པ་མི་འདུག གཡོར་མེ་ཅན། སེམས་དོན་ས་གཅོད་ལྡེབ་མ་{ ༣ } རྒྱས་པ་འཆི་བརྟག་ལྡེབ་མ།{ ༢} འཆི་བརྟག་ཆེན་མོ་དང་འཆི་བསླུ་ལྡེབ་མ། { ༡༧ } ཀུན་ཏུ་བཟང་པོ་འཆི་བདག་འཇོམ་པ་ལྟ་སྟོངས་གསུམ་གྱི་སྲུང་བ་ལྡེབ་མ། { ༥ } འཕོ་བ་ཡེ་ཤེས་ཟང་ཐལ་ལྡེབ་མ་{ ༥ } གཡོར་མེ་ཅན། སྐུ་མདུན་གཡུང་དྲུང་ཚུལ་ཁྲིམས་ཀྱི་ཕྱག་བྲིས། བར་དོ་ཆུང་བ་ལྡེབ་མ་{ ༨ } གཡས་རུའི་སྟོན་པ་དྲང་སྲོང་བདུད་རྩི་རྒྱལ་མཚན། བར་དོའི་གནད་དོན་བཞི་པ་ལྡེབ་མ། { ༡༧ } གཡས་རུའི་སྟོན་པ་འགྲོ་མགོན་བློ་གྲོས་རྒྱལ་མཚན། {སྤྱི་ལོ།{ ༡༡༩༨ ལོར་འཁྲུངས་ ༡༢༦༣ ལོར་འདས། } གེགས་སེལ་མུན་སེལ་སྒྲོན་མེ་ལྡེབ་མ། { ༩༡ } འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱི་ཨ་ཁྲིད་ས་བཅད་གསལ་བྱེད་སྒྲོན་མ་ལྡེབ་མ་ { ༣༠ } ཁྲོམ་ཚེ་དབང་རྒྱལ་པོ། ཀུན་མཁྱེན་ཉི་མའི་ཕྱག་བྲིས་ཡིན། རྣམ་ཐར་རིན་ཆེན་ཕྲེང་བ། ལྡེབ་མ།༼༥༥༽ མཛད་པ་པོ། བྲུ་མཚུངས་མེད་བསོད་བློ།༽ ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པ། ལྡེབ་མ། ༼༥༦༽ མཛད་པ་པོ། བྲུ་རྒྱལ་བ་གཡུང་དྲུང། ཨ་ཁྲིད་རྒྱབ་སྐྱོར། ལྡེབ་མ་༼༦༨༽༼ འདིའི་ནང་ལྡེབ་མ་༤༥ པ་མི་འདུག་༽ མཛད་པ་པོ། བྲུ་རྒྱལ་བ་གཡུང་དྲུང། གཏུམ་མོ་ཨ་བ་སྲོག་རྩོལ་གྱི་གདམ་པ་ལྡེབ་མ། { ༢ } ཨ་ཁྲིད་ཀྱི་རྩ་རླུང་ཞལ་ཤེས་ལྡེབ་མ། { ༧ } གཤེན་གྱི་དྲང་སྲོང་ཤེས་རབ་རིན་ཆེན། སྙན་རྒྱུད་ལྷ་ཁྲིད་ལྡེབ་མ། { ༦ } གཡུང་དྲུང་ལྷ་རྩེའི་ ལྷ་ཁྲིད་འདི་སྙན་རྒྱུད་ཀྱི་གྲས་ལས་འདིར་མིན་ཀྱང་རྩ་ཆེའི་དཔེ་དཀོན་ཡིན་གཤིས་འདིའི་མཉམ་པར་སྐྲུན་བྱས་པ་ཡིན་པས། རྗེས་སུ་སྙན་རྒྱུད་ཁོངས་སུ་བཞུགས་སུ་གསོལ་མཛོད།
ཁྱུང་གི་ཤེས་རབ་ནས་ཕུལ།
(གཞུང་འདི་མཁོ་མནག་པ་མཆིས་ན། ༡༥༨༨༩༠༩༣༥༥༥ འདིའི་ཐོག་འབྲེལ་ལམ་གནང་ཆོག་ཡིན་ནོ།།)