ཁྱུང་ཆེན་ལྡིང་སྟབས་ཀྱི་བཤད་པ་སོགས་དོན་ཇི་ལྟར་ཡིན།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ལྗོང་སྐྱ་ལི།
དྲི་བ། ཁྱུང་ཆེན་ལྡིང་སྟབས་ཀྱི་བཤད་པ་སོགས་དོན་ཇི་ལྟར་ཡིན།
ལན། གཡུང་དྲུང་བོན་གྱི་ལུགས་སུ་སེམས་ཕྱོགས་ཀྱི་བོན་འཆད་སྐབས་ཁྱུང་ཆེན་ལྡིང་སྟབས་ཀྱིས་བཤད་པ་དང་། སེང་གེ་མཆོང་སྟབས་ཀྱིས་བཤད་པ། ངང་མོ་འགྲོས་ཀྱིས་བཤད་པ། ཁུ་བྱུག་གསུང་སྐད་ཀྱིས་བཤད་པ། རུ་སྦལ་སྐུམས་ཐབས་ཀྱིས་བཤད་པ་སོགས་དམིགས་བསལ་འཆད་སྟངས་འགའ་ཞིག་ཡོད་པ་རྣམས་གཤམ་ནས་བཀོད་ཡོད།
དེའང་<བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག>ལས།
“ཁྱུང་ཆེན་ལྡིང་སྟབས་ཀྱིས་བཤད་པ་ནི། གནས་གང་ལ་བབ་པར་དེའི་ཁོག་དོན་སྟོན་ཏེ། ཞེས་དང་།
སེང་གེ་མཆོང་སྟབས་ནི། རྩལ་གསུམ་ལུས་ལ་རྫོགས་པས་ཉམ་ང་བ་མེད་པར་མཆོང་ཞེས་བྱ་སྟེ། ཞེས་དང།
ངང་མོ་འགྲོས་ཀྱིས་བཤད་པ་ནི། སྐྱེས་བུ་བློ་པདྨ་ཁ་ཕྱེ་བ་འདྲ་བ་ཞིག་གིས་ཀྱང་དོན་སེམས་ཐོག་ཏུ་བོན་ཕབ། བོན་ཐོག་ཏུ་འགྲེལ་ཕབ། འགྲེལ་ཐོག་ཏུ་ཉམས་ཀྱི་མན་ངག་ཕབས་ཏེ། ཞེས་དང་།
ཁུ་བྱུག་གསུང་སྐད་ཀྱིས་བཤད་པ་ནི། བོན་འདི་དང་པོ་ཐོས་པས་འཁོར་བ་དང་མྱ་ངན་ལས་འདས་པའི་བོན། གཙང་བ་དང་སྨེ་བར་བྱེ་བྲག་ཕྱེད། གཉིས་པས་མྱ་ངན་ལས་འདས་པའི་བོན་ལས་སེམས་སྤྲོ་བ་སྐྱེ་སྟེ་མི་འདོར། གསུམ་པ་སྤྲོ་བ་ལས་ཀྱང་དང་ཞིང་ཡིད་ཆེས་པས་དམ་པར་བྱ་བ། ཞེས་དང་།
རུ་སྦལ་སྐུམས་ཐབས་ཀྱིས་བསྒོམ་བསྒྲུབ་ལ་བཞེན་བཏབ་ཀྱིན། སེམས་རྒྱུད་ལ་བཙལ་བར་བྱ་སྟེ།” ཞེས་སོགས་དཔེ་དོན་གཉིས་ཀྱི་སྒོ་ནས་འཆད་ཐབས་བསྟན་ཡོད། །