ཀ་རྩོམ་ཀུན་ཕན་དོན་འགྲུབ།
རྩོམ་བྲིས་པ། གར་ཚ་དགེ་བཤེས་གཡུང་དྲུང་རྒྱལ་མཚན།
ཀ་ལི་གནམ་བསྟན་གྱི་མི་རྣམས། །
ཁ་རྩོད་ལག་འཛེང་དེ་བཞག་ནས། །
ག་ལེར་ཞི་བདེ་ལ་བརྩོན་དང་། །
ང་སྐྱིད་ཁྱོད་དགའ་ཞིག་ལོས་ཡོང་། །
ཅ་ལག་ཙག་ཙིག་གི་དོན་དུ། །
ཆ་ལུགས་ཆོ་འབྲང་དང་གཅིག་པར། །
ཇག་རྐུན་གཡོ་སྒྱུ་དེ་སྐྱུར་དང་། །
ཉ་མོ་མཚོ་བྲལ་བཞིན་མི་ཡོང་། །
རྟ་ནོར་ལུག་ར་སོགས་གཡང་རྟེན། །
ཐ་མག་སྣ་དུད་ལ་བརྗེ་བའི། །
ད་ནས་ལོག་འཚོ་དེ་ཞོག་དང་། །
ན་འཆི་དུར་གསུམ་དེ་དཀོན་ཡོང་། །
པ་ལོ་དཀར་དམར་དུ་བསྒྱུར་ནས། །
ཕ་མེས་རིག་གཞུང་ལ་ཐན་བལྟ། །
བ་གླང་རྟུལ་ཞུགས་དེ་སྐྱུར་དང་། །
མ་རབ་སྤྲང་རྟགས་དེ་ཉུང་ཡོང། །
ཙ་མོ་སྦལ་ལྕོང་གི་ཟས་རོལ། །
ཚ་སྒོག་མངར་སྐྱུར་ལ་སྲེད་པའི། །
ཛ་ཛོར་ཟ་འཐུང་དེ་ཞོག་དང་། །
ཝ་མོ་གལ་ཟིན་འདྲ་མི་ཡོང་། །
ཞ་ལོང་འོང་ལྐུགས་ཞིག་མིན་ན། །
ཟ་ཉལ་འགྲོ་འདུག་སོགས་སྤྱོད་ལམ། །
འ་ཅག་ཀུན་མཐུན་ཞིག་གྱིས་དང་། །
ཡ་རབ་བཟང་པོ་ཞེས་བསྟོད་ཡོང་། །
ར་བ་གངས་ཅན་གྱི་ན་གཞོན། །
ལ་རྒྱ་ཕོ་ཤད་ཤིག་ཡོད་ན། །
ཤ་ཕུན་མཐུན་སྦྲེལ་ལ་རེམ་དང་། །
ས་སྟེང་མི་རིགས་འདི་བརྟན་ཡོང་། །
ཧ་ལས་གོ་རྒྱུ་ཞིག་མེད་ཀྱང་། །
ཨ་རོག་དེང་དུས་ཀྱི་མི་ལ། །
ཧ་ཅང་བསམ་དཀར་གྱི་ཀ་རྩོམ། །
ཨ་ཁུ་གཡུང་རྒྱན་པས་བྲིས་སོ། ། །།