སྟོན་པའི་ཟུར་སྡོང་སོགས་ཀྱི་སྐོར་ལ་དྲི་བ་དྲུག
རྩོམ་བྲིས་པ། སྒང་སྐྱེས། དྲི་བ་གཏོང་མཁན། ལྡ་ཟོར།
སྒ་སྟོན་གྱི་བདེན་པའི་མཛོད་ཕུགས་ལས། “དེ་ནས་རྫོགས་པའི་གཤེན་རབ་ཀྱང་འབུམ་པའི་སྟོན་པའི་ཟུར་སྡོང་ལ། འཆི་མེད་གཙུག་ཕུད་ཁྲི་པའི། གཏོ་གཤེན་རབ་ལྷ་འབུམ་སྟོང་པའི། མུ་ཆོ་བརྒྱ་པའི། ཐང་མ་མེ་སྒྲོན་བཅུ་པའི་ཟུར་སྡོང་མངོན་ནོ།། ” ཞེས་གསུང་པའི་སྐོར་སོགས་ལ་གཤམ་ལྟར་དྲི་བ་དྲུག་འབུལ་རྒྱུ་ཡིན།
དྲི་བ། ༡) སྟོན་པའི་ཟུར་སྡོང་ཡིན་ན་སྟོན་པ་དངོས་ཡིན་མི་དགོས་སམ།
ལན། ༡༽ བསྟན་པའི་ཟུར་སྡོང་དུ་བྱོན་པ་ཡིན་ན་སྟོན་པ་དངོས་ཡིན་མི་དགོས་ཏེ། ཟུར་སྡོང་དུ་བྱོན་ཞེས་པ་ནི་སྟོན་པ་དེའི་བསྟན་པའི་ཟུར་དུ་སྟོན་པ་དེའི་བསྟན་པ་ལ་སྡོང་གྲོགས་བྱེད་མཁན་དུ་བྱོན་པ་ལ་གོ་དགོས་སོ། དཔེར་ན་གཤེན་རབ་མི་བོའི་བསྟན་པའི་ཟུར་དུ་བྱོན་པའི་མུ་ཆོ་ལྡེམ་དྲུག་ལྟ་བུའོ།
དྲི་བ། ༢) ཐང་མ་མེ་སྒྲོན་བཅུ་པའི་སྟོན་པ་མ་ཡིན་ནམ།
ལན། ༢༽སྒ་རིགས་སྟོན་པ་ཚུལ་རྒྱལ་གྱི་དགོངས་པ་ལྟར་ན། ཐང་མ་མེ་སྒྲོན་བཅུ་པའི་སྟོན་པ་མ་ཡིན་པ་འདྲ་ཞིག་སྣང་ཡང་དཔྱད་དགོས།
དྲི་བ། ༣) ཐང་མ་མེ་སྒྲོན་དང་འོད་དེ་མི་ཆུང་གཉིས་དོན་གཅིག་དུ་འདོད་དམ།
ལན། ༣༽ སྒ་སྟོན་དགོངས་པ་ལྟར་ན་ཐང་མ་མེ་སྒྲོན་དང་འོ་དེ་མི་ཆུང་དོན་གཅིག་པ་མ་ཡིན་ཏེ། གཅིག་ཚེ་ལོ་བཅུ་པའི་བསྟན་པའི་གཙོ་བོ་དང་གཅིག་ཟུར་སྡོང་དུ་བྱོན་པའི་ཕྱིར།
དྲི་བ། ༤) འཛམ་གླིང་གི་དཔག་མེད་ལ་ནི་སྟོན་པ་འབྱོན་པའི་དགོས་པ་མེད་དེ། ཁྲི་མུན་གྱི་འབུ་ལྟར་སྐྱོ་ཤས་མེད་པའི་ཕྱིར་རོ། །ཞེས་པ་དེ་གང་ལྟར་དུ་འགྲེལ་དགོས།
དྲི་བ། ༥) ཚེ་ལོ་དཔག་མེད་དུས་སུ་སྟོན་པ་འབྱོན་པ་ཡོད་དམ།
ལན། ༤ དང་ ༥༽ སྟོན་པས་གདུལ་བྱ་འདུལ་བར་བྱེད་པ་ལ་གདུལ་བྱ་རྣམས་འཁོར་བ་ལ་སྐྱོ་ཤས་ཡོད་དགོས་ལ་དེ་མེད་ན་འདུལ་མི་ནུས་པས། ཚེ་ལོ་དཔག་མེད་སྐབས་གདུལ་བྱ་དེ་དག་འབུ་སྲིན་རྣམས་དང་མཚུངས་པར་འཁོར་བ་ལ་སྐྱོ་ཤས་མེད་པས། སྐབས་དེར་སྟོན་པ་མི་བྱོན་པར་བསྟན་པ་ཡིན།
དྲི་བ། ༦) མདོ་ལས། ” སྣང་བ་དགེ་བ་ཀུན་ཤེས་གསུམ་དང་། ལེགས་པ་སྙོམས་པ་བྱམས་པ་གསུམ། དག་པ་གསལ་བ་ཤེས་པ་གསུམ། མཚན་རབ་དང་པོ་དགུ་རུ་བྱུང་། ” ཞེས་གསུང་པས་སྟོན་པ་རབ་དགུ་དེ་བསྐལ་ཆེན་གྱི་སྟོན་པ་ཡིན་པ་འདོད་དམ་མི་འདོད། བསྐལ་ཆེན་གྱི་སྟོན་པ་ཡིན་ན་ཇི་ལྟར་ཡིན་དགོས།
ལན། ༦༽ མདོ་ལས་བསྟན་པའི་མཚན་རབས་དང་པི་དགུ་རུ་བྱུང་ཞེས་པའི་སྟོན་པ་དགུ་པོ་དེ་དག་བསྐལ་ཆེན་གྱི་སྟོན་པ་ཡིན་ཕྱིར་ཏེ། བསྐལ་ཆེན་གྱི་སྟོན་པ་ཞེས་པ་ནི། བར་བསྐལ་བརྒྱད་ཅུ་ལ་བསྐལ་པ་ཆེན་པོ་གཅིག་ཏུ་བརྩིས་པའི་བསྐལ་ཆེན་དེའི་ནང་དུ་བསྟན་པའི་གཙོ་བོ་བྱས་ནས་བྱོན་པའི་སྟོན་པ་ལ་གོ་དགོས་པ་ཡིན་སྟབས། གོང་གི་སྟོན་པ་དགུ་པོ་དེ་དག་བསྐལ་པ་ཆེན་པོ་དེའི་ནང་བསྟན་པའི་གཙོ་བོ་བྱས་ནས་བྱོན་པའི་ཕྱིར། དྲི་ལན་འདི་རྣམས་ནོར་བ་གང་ཡོད་སྙིང་དབུས་ནས་ཁྱེད་རྣམས་ལ་བཟོ་གསོལ་ཞུ།།